གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 10ཚེས་30ཉིན། 14:35】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་10ཚེས་29ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གིས་རྒྱུན་ལྡན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད།
གསར་འགོད་པ་ཞིག་གིས་དྲིས་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྤྱི་བསྒྲགས་ནང་། “ངོགས་གཉིས་ཀྱི་འབྲེལ་བ་ཞི་བདེའི་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་སྐུལ་འདེད་གཏོང་དགོས”ཞེས་ནན་བཤད་བྱས་པ་ལས། “ཞི་བས་གཅིག་གྱུར་”ཞེས་པ་བཏོན་མེད་པར་གླེང་ཕྱོགས་ཀྱི་དོ་སྣང་བྱུང་། དེར་བསྟན་དོན་ཅི་ཞིག་ཡོད་དམ།
རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་གཞུང་དོན་ཁང་གི་མགྲིན་ཚབ་པ་ཕེང་ཆིང་ཨེན་གྱིས་བསྟན་དོན། ང་ཚོས་ཐའེ་ཝན་ལ་འཛིན་པའི་སྲིད་ཕྱོགས་ཆེན་པོ་ནི་ཐོག་མཐའ་བར་གསུམ་དུ་ཁ་གསལ་ཡིན། “ཞི་བས་གཅིག་གྱུར་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ནི་ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་བྱེད་ཕྱོགས་ཡིན་ལ། རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱེད་པའི་ཐབས་ཤེས་ཡག་ཤོས་ཀྱང་ཡིན། ང་ཚོས་ཞི་བས་གཅིག་གྱུར་ཡོང་བར་རྒྱ་ཆེ་བའི་བར་སྟོང་བསྐྲུན་ནས་ལྷག་བསམ་ཆེ་ཤོས་དང་འབད་བརྩོན་ཆེ་ཤོས་ཀྱི་ཐོག་ནས་ཞི་བས་གཅིག་གྱུར་ཡོང་བའི་མདུན་ལམ་བརྩོན་ལེན་བྱེད་འདོད་ཡོད་མོད། འོན་ཀྱང་། ང་ཚོས་དྲག་ཤུགས་མི་སྤྱོད་རྒྱུ་ཁས་ལེན་གཏན་ནས་བྱས་མེད་པ་དང་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱོད་པའི་གདམ་ག་སོར་འཇོག་བྱ་རྒྱུ་ཡིན། ཞི་བས་གཅིག་གྱུར་ཡོང་བར་ངོགས་གཉིས་ཀྱི་སྤུན་ཟླ་རྣམས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཕན་ཚུན་མཐུན་ཕྱོགས་སུ་བསྐྱོད་དགོས། རྒྱ་ཆེའི་ཐའེ་ཝན་སྤུན་ཟླ་རྣམས་ཀྱིས་ང་ཚོ་དང་མཉམ་དུ་“ཐའེ་ཝན་རང་བཙན་”ཁ་བྲལ་དང་ཕྱི་ནས་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས་ལག་གདང་སྦྲེལ་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་བདེ་སྐྱིད་ཡུན་རིང་ཐུན་མོང་དུ་གཏོད་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་གཟི་བརྗིད་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད།