འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་26ཉིན།

༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྩོམ་རིག་གྲུབ་འབྲས་པེ་ཅིང་དུ་འགྲེམས་སྟོན་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་25ཉིན། 15:12】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     “མེས་རྒྱལ་ལ་སྙན་སེང་ཞུ་དོན་དུ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་རྩོམ་རིག་གྲུབ་འབྲས་འགྲེམས་སྟོན་”དེ་ཟླ་9ཚེས་22ཉིན་པེ་ཅིང་དུ་འགྲེམས་འགོ་ཚུགས་པ་དང་། ད་ཐེངས་ཀྱི་འགྲེམས་སྟོན་ནང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་རྒྱུ་གཙོ་བོར་བྱས་ནས་བྲིས་མ་དང་། དཔེ་དེབ། དུས་དེབ། ལག་ཁྱེར། བྱ་དགའི་བུམ་པ་སོགས་དངོས་པོ་300ཙམ་གྱི་ཐོག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ད་བར་གྱི་རྩོམ་རིག་འཕེལ་རྒྱས་ཀྱི་ལོ་རྒྱུས་ལམ་བུ་མཚོན་པར་བྱས་ཡོད།

     ཤེས་རྟོགས་བྱུང་བར་གཞིགས་ན། འགྲེམས་སྟོན་འདི་ཉིད་ཟླ་12པའི་ཚེས་22བར་སྤེལ་རྒྱུ་ཡིན་པ་རེད།

     ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་སྟོན་དེ་ཉིད་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་ཁྲིད་བྱས་པ་དང་། ཀྲུང་གོའི་དེང་རབས་རྩོམ་རིག་ཁང་དང་བོད་རང་སྐྱོང་ལྗོངས་རྩོམ་རིག་ལྷན་ཚོགས་ཀྱིས་མཉམ་དུ་གཙོ་གཉེར་བྱས། འགྲེམས་སྟོན་ནང་“དུས་རབས་ཀྱི་རྟགས་ཐམ་དང་མི་རིགས་ཀྱི་ཉམས་འགྱུར་མཉམ་འདྲེས་ཀྱི་བོད་ལྗོངས་རྩོམ་རིག་”དང་། “སྣེ་མང་མཉམ་གནས་དང་ཉམས་འགྱུར་མཉམ་འདྲེས་ཀྱི་བོད་ལྗོངས་རྩོམ་རིག” “དུས་རབས་ཀྱི་འཁོར་རྒྱུན་དང་སེམས་ཁམས་གཅིག་མཐུན་གྱི་བོད་ལྗོངས་རྩོམ་རིག” “ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཆང་བའི་རྩོམ་རིག་གི་ལག་ལེན་”བཅས་ཁག་བཞི་རུ་དབྱེ་ནས་བོད་ལྗོངས་རྩོམ་རིག་གི་རྣམ་པ་ཕུན་སུམ་ཚོགས་པོ་དང་དུས་རབས་ཀྱི་སྙིང་སྟོབས་མངོན་པར་བྱས་ཡོད།

     ཆེད་ལས་མཁས་ཅན་གྱིས། གངས་ལྗོངས་ས་མཐོར་མི་རབས་ནས་མི་རབས་བར་གྱི་རྩོམ་རིག་ལས་དོན་པའི་གཞི་ཆགས་པ་དང་། མི་དམངས་ལ་བརྩེ་སེམས་བཅངས་ཏེ་རྩོམ་རིག་བརྩམས་ཆོས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་སོགས་ཀྱི་ལོ་རྒྱུས་འཕེལ་རིམ་གལ་ཆེན་ཟིན་ཐོར་བཀོད་པ་དང་། མི་རིགས་ཁག་གི་བུ་ཕྲུག་གིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི་མི་སེམས་འགུལ་བའི་རྣམ་པ་གསོན་ཉམས་དོད་པོར་ཞིབ་པར་བཀོད་ཡོད། བརྩམས་ཆོས་དེ་དག་ནི་བོད་ཀྱི་རིག་གནས་གཅེས་ནོར་ཡིན་ལ་ཀྲུང་ཧྭའི་རིག་གནས་ནོར་མཛོད་ནང་གི་འོད་སྟོང་འཕྲོ་བའི་མུ་ཏིག་ལྟ་བུའང་ཡིན་ཞེས་བརྗོད།