འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་17ཉིན།

༄༅།།ཀྲུང་གོས་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བཏོད་པའི་ལེགས་སྐྱེས་རླབས་པོ་ཆེ་བློ་ལ་བརྟན་པོར་ངེས་དགོས།

—— ཁ་ན་ཏ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཏུའོ་ལུན་ཏུའོ་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལུན·པའེ་ཆིའུ་ཨེན་ལ་བཅར་འདྲི་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་17ཉིན། 14:10】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     “ཀྲུང་གོ་མི་དམངས་ཀྱིས་སྨན་པ་པའེ་ཆིའུ་ཨེན་ད་བར་བརྗེད་མེད་པ་མ་ཟད་བཀའ་དྲིན་སེམས་དབུས་སུ་བཅངས་པ་དེའང་སེམས་འགུལ་ཐེབས་འོས་པ་ཞིག་ཡོད་”ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོག་ཉེའི་སྐབས་སུ། པའེ་ཆིའུ་ཨེན་ཁྱིམ་རྒྱུད་ཀྱི་འཐུས་མི་དང་ཁ་ན་ཏ་དང་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཏུའོ་ལུན་ཏུའོ་ཡན་ལག་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝོ་ལུན·པའེ་ཆིའུ་ཨེན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། “པའེ་ཆིའུ་ཨེན་མི་རྣམས་ཀྱིས་ད་བར་ཡིད་ལ་བཅངས་དོན་ནི་ཁོང་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་ལེགས་སྐྱེས་ཕུལ་བ་མ་ཟད། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་དང་རང་སྲོག་བློས་གཏོང་ལ་མི་སྐྲག་པའི་ཁོང་གི་སྙིང་སྟོབས་རླབས་པོ་ཆེར་ཐུག་ཡོད། དེ་ནི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་དང་གུང་ཁྲན་རིང་ལུགས་ཀྱི་བློ་གཤོག་མཚོན་ཚུལ་ཞིག་རེད”ཅེས་བརྗོད།

     ཝོ་ལུན·པའེ་ཆིའུ་ཨེན་གྱིས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་དང་། དཀའ་ཚེགས་ཆེ་བའི་ཆ་རྐྱེན་འོག་ཀྲུང་གོ་མི་དམངས་ཀྱིས་ཡིད་ཆེས་བརྟན་པོ་རྒྱུན་འཁྱོངས་དང་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་པས་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་ཡོད། འདི་ནི་ཀྲུང་གོ་མི་དམངས་ཀྱི་རྒྱལ་ཁ་རླབས་པོ་ཆེ་ཙམ་མ་ཟད། འཛམ་གླིང་མི་དམངས་ཀྱི་རྒྱལ་ཁ་རླབས་པོ་ཆེ་དེ་བས་ཀྱང་ཡིན། ཀྲུང་གོས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་གཡུལ་ས་གཙོ་བོ་བཏོད་ནས། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དང་མིའི་རིགས་ཀྱི་དྲང་བདེན་བྱ་གཞག་ལ་ལེགས་སྐྱེས་རླབས་པོ་ཆེ་ཕུལ་ཡོད་པས། དུས་ད་ལྟའང་ཡིད་ལ་བརྟན་པོར་འཆང་རིན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།

     འདི་ལོའི་ཟླ་བདུན་པར། ཝོ་ལུན·པའེ་ཆིའུ་ཨེན་ཁ་ན་ཏའི་ཕྱིར་སྡོད་རང་མིའི་ཚོགས་པས་གཉེར་བའི“ལོ་རྒྱུས་བློ་ལ་བརྟན་པོར་ངེས་ནས་འབྱུང་འགྱུར་ཐུན་མོང་ཐོག་གཏོད་པའི”ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་བྱེད་སྒོར་ཞུགས་ཤིང་། བྱེད་སྒོའི་ཁྲོད་ཁོང་གིས་ཚང་མར་ཁ་ན་ཏས་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོར་རྒྱབ་སྐྱོར་བྱས་པའི་ལོ་རྒྱུས་བརྗོད་པ་དང་། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་རི་པིན་དམག་གིས་ཤང་ཀང་བཙན་བཟུང་བྱེད་སྐབས་དབྱིན་ཇི་དང་ཁ་ན་ཏ་སོགས་རྒྱལ་ཁབ་ནས་ཡོང་བའི་དམག་མིས་ཤང་ཀང་སྲུང་སྐྱོང་བྱ་ཆེད་རང་སྲོག་བློས་བཏང་བའི་སྐོར་གླེང་ཡོད། ཁོང་གིས། ཁ་ན་ཏའི་དམག་མི་འབོར་ཆེན་གྱིས་ཤང་ཀང་སྲུང་སྐྱོང་དམག་འཁྲུག་ཁྲོད་དཔའ་ངར་ཆེན་པོས་འབད་འཐབ་བྱས་ཏེ་རང་སྲོག་བློས་བཏང་བ་དེ་ཐོག་ནས་“ཁ་ན་ཏ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་ཟབ་མོ་མཚོན་གྱི་ཡོད་པ་དང་། དེའི་ནང་འདུས་པའི་མི་ཆོས་རིང་ལུགས་དང་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་ལ་ང་ཚོས་གཅེས་སྤྲས་བྱེད་འོས་”ཞེས་བརྗོད།