འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་17ཉིན།

༄༅།།ཀྲུང་གོ་དང་ཡོ་རོབ་ཀྱིས་ལོ་བརྒྱའི་འགྱུར་ལྡོག་ཁྲོད་གདམ་ག་ཡང་དག་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་17ཉིན། 14:05】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་པོ་ཡ་ན་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་9ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ལི་པོ་ཡ་ན་རུ་སི་ལོ་ཝེ་ཉི་ཡའི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའི་པུའུ་ཀྲང་གཅིག་ལྕོགས་ཧྥ་ཡུང་དང་གྲོས་མོལ་གནང་མཇུག་འགྲིལ་རྗེས་མཉམ་དུ་གསར་འགོད་པ་དང་མཇལ་འཛོམས་གནང་བ་རེད།

     ཝང་དབྱི་ཡིས་བརྗོད་དོན། ཕྱོགས་གཉིས་པོའི་གྲོས་མོལ་ཕྱོགས་ཡོངས་དང་གཏིང་ཟབ་པོ་བྱུང་བ་མ་ཟད། ཐུན་མོང་གི་ངོས་འཛིན་ཡང་རྒྱ་ཁྱབ་བྱུང་སོང་། ང་ཚོས་མཛའ་གྲོགས་ཀྱི་སྐོར་གླེང་བ་ཡིན། ཀྲུང་གོ་ནི་སི་ལོ་ཝེ་ཉི་ཡ་དང་ཕྱི་འབྲེལ་འཛུགས་མཁན་རྒྱལ་ཁབ་ཁག་དང་པོའི་གྲས་རེད། ཀྲུང་གོའི་ཕྱི་འབྲེལ་གྱི་རྒྱུན་སྲིང་ལག་བསྟར་བྱེད་པའི་སྲོལ་རྒྱུན་ནི་རྒྱལ་ཁབ་ཆེ་ཆུང་ཚང་མ་འདྲ་མཉམ་འཛིན་པ་དེ་རེད། ལོ་30ལྷག་ཙམ་རིང་རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཕྱི་འབྲེལ་སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱས་ཤིང་། ཐོག་མཐའ་བར་གསུམ་དུ་སི་ལོ་ཝེ་ཉི་ཡར་འདྲ་མཉམ་གྱི་ལྟ་སྟངས་བཟུང་སྟེ། མཛའ་གྲོགས་མཉམ་ལས་དང་གཉིས་ཁེ་གཉིས་ཕན་ཡོང་བར་བྱས་པ་བརྒྱུད། ཆེ་ཆུང་མི་འདྲ་བ་དང་སྤྱི་ཚོགས་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་ཕན་ཚུན་མཉམ་འདྲིས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝེ་ཉི་ཡ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་རྩ་དེ་བས་ཆེན་པོ་སྐྲུན་འདོད་དང་ཀྲུང་སིའི་མཛའ་གྲོགས་ཀྱི་ལེའུ་གསར་པ་རྩོམ་འདོད་ཡོད།

     ང་ཚོས་ཞི་བདེའི་སྐོར་གླེང་བ་ཡིན། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་རེད། ཀྲུང་གོ་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱས་པ་ནི་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་སུ་འགོ་འཛུགས་སྔ་ཤོས་ཡིན་པ་དང་། རྒྱུན་མཐུད་ཡུན་རིང་ཤོས་ཡིན་ལ། དམག་དམངས་ཁྲི་3500ཤི་རྨས་བྱུང་བའི་རིན་དོད་ཤིན་ཏུ་ཆེན་པོ་བཏང་སྟེ། ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོར་རི་པིན་དམག་རྒྱལ་རིང་ལུགས་ཕམ་པར་བཟོས་ནས་རྒྱལ་ཁ་བླངས་པ་མ་ཟད། ཁོ་ཚོས་ཡོ་རོབ་ཏུ་ཡོད་པའི་ཧྥ་ཤི་སིའི་ཕྱོགས་གཏོགས་དང་ངན་པ་ལག་འབྲེལ་མི་ཐུབ་པར་བྱས་ནས་འཛམ་གླིང་དམག་ཆེན་གཉིས་པར་མཐའ་མའི་རྒྱལ་ཁ་ལེན་ཆེད་བྱས་རྗེས་གལ་ཆེན་བཞག་ཡོད། ཀྲུང་གོ་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ངང་འགོག་རྒོལ་མཐའ་གཅིག་ཏུ་བྱས་པར་ཡོ་རོབ་གླིང་གི་ཞི་བདེར་དགའ་ཞེན་ཆེ་བའི་མི་དམངས་ཀྱི་ཁྲོད་དུ་གདུང་སེམས་མཉམ་སྐྱེད་བྱུང་ལ་རྒྱབ་སྐྱོར་ཡང་རྒྱ་ཁྱབ་ཏུ་ཐོབ་ཡོད། དེ་རིང་ལོ་རྒྱུས་ཡིད་ལ་འཛིན་པ་དང་དཔའ་བོར་དྲན་གསོ་ཞུ་བ་ནི་ཞི་བདེར་གཅེས་སྤྲས་དང་འབྱུང་འགྱུར་གསར་གཏོད་བྱེད་ཆེད་ཡིན།

     ང་ཚོས་འབྱུང་འགྱུར་གྱི་སྐོར་གླེང་བ་ཡིན། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་སྐབས་སུ་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་རྒྱུན་ཆད་མེད་པར་ཐོན་པ་དང་བཅོས་སྐྱོང་མཚལ་ཡིག་རྒྱུན་ཆད་མེད་པར་ཛ་དྲག་ཏུ་ཕྱིན་པའི་མདུན་དུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རེ་འདུན་དང་རྒྱལ་ཁབ་ཁག་གི་བསམ་འདུན་གཞིར་བཟུང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་བཏོན་གནང་ཡོད། ཀྲུང་གོའི་བསམ་འདུན་ནི་ཁ་གསལ་ཞིང་གཞུང་དྲང་ཡིན། དེ་ནི་སྔ་བསྐྱུར་གསར་འཛུགས་བྱེད་པ་མིན་ལ། གཞན་གྱི་ཚབ་བྱེད་པ་དེ་བས་ཀྱང་མིན་པར། འཛམ་གླིང་ཐོག་གི་འགན་སེམས་ཡོད་མཁན་རྒྱལ་ཁབ་ཡོད་ཚད་དང་མཉམ་དུ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་སྒྱུར་བཅོས་བྱེད་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དེ་དུས་རབས་གསར་པའི་བླང་བྱ་དང་འཚམ་པར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་ལ་སྲུང་སྐྱོང་ངོ་མ་བྱེད་པ། ཕྱོགས་མང་རིང་ལུགས་ལག་ལེན་ནུས་ལྡན་བཅས་བྱས་ནས། མིའི་རིགས་འཕེལ་རྒྱས་དང་ཡར་རྒྱས་ཡོང་རྒྱུར་སྐུལ་འདེད་སྔར་ལས་ཡག་པོ་གཏོང་བའི་ཆེད་དུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སི་ལོ་ཝེ་ཉི་ཡ་ཚུད་པའི་ཡོ་རོབ་ཀྱི་རྒྱལ་ཁབ་དང་མཉམ་དུ་རྒྱལ་སྤྱིའི་དུས་བབ་ལ་བརྟན་བརླིང་རང་བཞིན་དེ་བས་མང་པོ་དང་དྲང་ནུས་དེ་བས་ཆེན་པོ་བསྣན་ནས་འཛམ་གླིང་ལ་སྔར་ལས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་འདོད་ཡོད།

     མཇུག་ཏུ་ཝང་དབྱི་ཡིས། ཀྲུང་གོ་ནི་འགན་སེམས་ཆེ་བའི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་ལ་ཞི་བདེ་དང་བདེ་འཇགས་ཀྱི་གནད་དོན་ཐད་ལས་དོན་འབོར་ཆེན་བསྒྲུབས་པའི་རྒྱལ་ཁབ་གཅིག་ཀྱང་ཡིན། དམག་འཁྲུག་གིས་གནད་དོན་ཐག་གཅོད་བྱེད་མི་ཐུབ། བཀག་སྡོམ་བྱས་ན་གནད་དོན་དེ་བས་རྙོག་འཛིང་ཆེ་རུ་འགྲོ་རྒྱུ་རེད། ཀྲུང་གོ་ཕྱོགས་དམག་འཁྲུག་ནང་མི་ཞུགས་ལ། དམག་འཁྲུག་ཀྱང་སློང་མི་སྲིད། ང་ཚོས་རྒྱུན་དུ་བར་འདུམ་མཐུན་འཇུག་བྱེད་ཅིང་། སྐད་ཆ་ཤོད་རེས་བརྒྱུད་ཆབ་སྲིད་ཐོག་ནས་གླེང་ཆེའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་གི་ཡོད། མིག་སྔར་གལ་ཆེ་ཤོས་ནི་ཕྱོགས་མང་རིང་ལུགས་དར་སྤེལ་གཏོང་བ་དང་ཕྱོགས་མང་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་གྱི་དམིགས་ཡུལ་དང་རྩ་དོན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་དེ་ཡིན་ཞེས་བརྗོད་པ་རེད།