གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་17ཉིན། 13:54】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
རྒྱལ་སྲུང་པུས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྒྲིག་ཆས་ལག་རྩལ་འཕེལ་རྒྱས་ཀྱི་དགོས་མཁོ་གཞིར་བཟུང་འབབ་འཕུར་གྲུ་གཟིངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད།
ཟླ་9ཚེས་16ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ། རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞའོ་དམག་དཔོན་ཅང་པིན་གྱིས། ཉེ་དུས་ཀྱི་དམག་དོན་དང་འབྲེལ་བའི་གནད་དོན་སྐོར་གནས་ཚུལ་སྤེལ་བ་རེད།
གསར་འགོད་པས། གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཧྥུའུ་ཅན་དམག་གྲུའི་འབབ་འཕུར་གྲུ་གཟིངས་མཚོ་ཐོག་ཏུ་ཚོད་ལྟ་བྱེད་འགོ་ཚུགས་པ་མ་ཟད། ཐའེ་ཝན་མཚོ་འགག་ནས་ལྷོ་རྒྱ་མཚོར་བསྐྱོད་པའི་བྱེད་སྒོ་སྤེལ་ཡོད། ད་ཐེངས་ཀྱི་མཚོ་ཐོག་ཚོད་ལྟ་བྱས་པ་དེས་ཧྥུའུ་ཅན་དམག་གྲུ་མི་འགྱངས་བར་སྒྲིག་སྤྲོད་བྱ་རྒྱུ་ཡིན་པ་མཚོན་ནམ་ཞེས་དྲིས།
ཅང་པིན་གྱིས། ཉིན་ཤས་གོང་། རང་རྒྱལ་གྱི་འབབ་འཕུར་གྲུ་གཟིངས་གསུམ་པ་ཡིན་པའི་ཧྥུའུ་ཅན་དམག་གྲུ་ཐའེ་ཝན་མཚོ་འགག་ནས་ལྷོ་རྒྱ་མཚོའི་འབྲེལ་ཡོད་མཚོ་ཁོངས་སུ་ཚོད་ལྟའི་སྦྱོང་བརྡར་བྱེད་པར་བསྐྱོད་པ་དེ་ནི་འབབ་འཕུར་གྲུ་གཟིངས་བཟོ་སྐྲུན་བྱེད་པའི་བརྒྱུད་རིམ་ནང་གི་རྒྱུན་གཏན་གྱི་བཀོད་སྒྲིག་ཅིག་ཡིན་པ་དང་། འབྲེལ་ཡོད་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་ལག་ལེན་དང་མཐུན་པ་ཞིག་ཡིན་པས་དམིགས་བསལ་གྱི་རྒྱལ་ཁབ་དང་དམིགས་ཡུལ་གང་རུང་ལ་དམིགས་པ་ཞིག་མིན།
ཀྲུང་གོས་ཞི་བདེ་དང་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་བསྟར་བྱེད་པ་དང་། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྒྲིག་ཆས་ལག་རྩལ་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ནས་འབབ་འཕུར་གྲུ་གཟིངས་བཟོ་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་གི་ཡོད། ཧྥུའུ་ཅན་དམག་གྲུ་ནི་རྒྱལ་ཁབ་ཆེ་མོའི་མཚོན་ཆ་གལ་ཆེན་ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་སྲུང་སྐྱོང་བྱ་རྒྱུར་ནུས་པ་འདོན་ངེས་རེད།