ཧྲེན་ཁའེ་ཡུན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་16ཉིན། 14:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ནི་ཕན་དབྱིང་དང་། ཚུའེ་ཡ་ལུའུ། ཝང་ཤུད་རེན། ཝང་ཡོན་བཅས་ཀྱིས་བྲིས་པའི་རང་རྒྱལ་གྱི་སྲོལ་རྒྱུན་རི་མོ《སྐྱིད་པའི་བོད་ལྗོངས》ཡིན་པ།
བོད་ལྗོངས་ལྟེ་བར་བྱས་པའི་མཚོ་བོད་ས་མཐོར་རབ་ཏུ་བརྗིད་པའི་གངས་རི་དང་། ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་། ངོ་མཚར་ཆེ་བའི་གདོད་མའི་མཐའ་ཡས་ས་གཞི་སོགས་བརྗིད་ཆགས་ཉམས་དགའ་བའི་སའི་གོ་ལའི་སྣེ་གསུམ་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་འདྲིས་ཡོད་པས། འཛམ་གླིང་སྐྱེ་བོ་ཀུན་གྱི་ཡིད་དབང་ཅིག་ཅར་དུ་འཕྲོག་བཞིན་ཡོད་ཅིང་། དེ་ནི་མཛེས་རྩལ་ལས་དོན་པ་མི་རབས་དུ་མའི་གསར་གཏོད་ཀྱི་འབྱུང་ཁུངས་ཀྱང་རེད། བོད་ལྗོངས་བརྗོད་གཞིར་བྱས་པའི་མཛེས་རྩལ་གསར་རྩོམ་གྱིས་མཚོ་བོད་ས་མཐོའི་རིག་གནས་ཀྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་ཡོད་ལ། བོད་དང་རྒྱལ་ནང་གི་ས་ཆ་གཞན་དབར་མཛའ་གཅུགས་ཀྱི་གསེར་ཟམ་ཡང་བསྐྲུན་ནས། ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་འབད་འཐབ་བྱེད་པའི་སྙིང་སྟོབས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཡོད། བོད་ལྗོངས་སུ་ལས་ཀ་བྱས་ནས་ལོ་50ལྷག་ཙམ་ཕྱིན་པའི་རིག་རྩལ་ལས་དོན་པ་ཞིག་གི་ངོས་ནས་བརྗོད་ན། དེའི་ཐད་ང་ལ་མྱོང་ཚོར་ཧ་ཅང་ཟབ་མོ་ཡོད།
མཐའ་བཞི་གངས་རིས་བསྐོར་ཞིང་འགྲིམ་འགྲུལ་སྟབས་བདེ་མེད་པའི་བོད་ལྗོངས་ནི་དེ་སྔ་མཛེས་རྩལ་ལས་རིགས་ཀྱི་མི་སྣ་ཡོང་ཉུང་བའི་ས་ཆ་ཞིག་ཡིན་ཞིང་། དུས་རབས་20པའི་ལོ་རབས་སུམ་ཅུ་པ་དང་བཞི་བཅུ་པའི་སྐབས་སུ། སི་ཁྲོན་ནས་དར་རྩེ་མདོ་བར་དང་། དར་རྩེ་མདོ་ནས་མཚོ་སྔོན་བར་སོགས་ཀྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས། སྒྱུ་རྩལ་པ་དེ་བས་མང་བ་ནུབ་རྒྱུད་དུ་སྐྱོད་འགོ་ཚུགས། རི་བོ་སྔོ་ལ་ཆུ་མོ་དྭངས་ཤིང་གཙང་བ་དང་། མི་ཆོས་རིག་གནས་ཀྱི་ཉམས་འགྱུར་དང་ཡངས་ཤིང་མུ་མཐའ་མེད་པའི་ས་མཐོའི་མཛེས་ལྗོངས་ཀྱིས་མཛེས་རྩལ་མཁས་ཅན་ཚོར་སྤྲོ་བ་དཔག་མེད་སྦྱིན་ཡོད་ལ། ཁོང་ཚོའི་གསར་གཏོད་ཀྱི་བར་མཐོངས་ཀྱང་རྒྱ་སྐྱེད་བཏང་ཡོད། དུས་རབས་20པའི་ལོ་རབས་40པར། ཀྲང་ཏ་ཆན་ནུབ་བྱང་དུ་དངོས་མཚོན་རི་མོ་འབྲི་བར་བསྐྱོད་པ་ནས་བཟུང་ཁོང་གི་རི་མོའི་ཁྱད་ཆོས་ལ་འགྱུར་ལྡོག་འགྲོ་འགོ་ཚུགས། དེ་རྗེས་སུན་ཙུང་ཝེ་དང་། ཧན་ལེ་རན། ཝུའུ་ཙོ་རེན་སོགས་མཛེས་རྩལ་མཁས་ཅན་ཁག་གཅིག་ངོ་མཚར་འབུམ་གྱིས་ཕྱུག་པའི་ས་གཞི་འདིར་ཡོང་སྟེ། རང་བྱུང་མཛེས་ལྗོངས་དང་། མི་ཆོས་རིག་གནས་དང་ལོ་རྒྱུས། མི་རིགས་ཀྱི་ཉམས་འགྱུར་བཅས་རི་མོར་ཕབ་ནས། ཉེ་རབས་དང་དེང་རབས་ཀྱི་ཀྲུང་གོའི་མཛེས་རྩལ་གྱི་ནུབ་རྒྱུད་འགྲུལ་བཞུད་ཀྱི་དབུ་ཁྱུད་བརྩམས་ཡོད་ལ། སྐྱེ་བོ་ཀུན་གྱིས་ས་མཐོར་རྒྱུས་ལོན་དང་ས་མཐོ་ཤེས་རྟོགས་བྱེད་པའི་སྒོ་མོའང་ཕྱེ་ཡོད།
སྐབས་དེ་དུས་ཆ་རྐྱེན་དབང་གིས་མཛེས་རྩལ་མཁས་ཅན་དེ་དག་དོན་དངོས་ཐོག་མཚོ་བོད་ས་མཐོའི་ལྟེ་བར་ཆགས་པའི་བོད་ལྗོངས་སུ་སླེབས་མེད། བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་དམངས་གཙོའི་བཅོས་སྒྱུར་བྱས་པ་དང་བསྟུན་ནས། མཛེས་རྩལ་པ་མི་ཉུང་བ་ཞིག་འབྲེལ་ཡོད་སྡེ་ཚན་གྱི་སྒྲིག་འཛུགས་འོག་སྔ་རྗེས་སུ་བོད་ལ་ཡོང་ཡོད། དཔེར་ན་1954ལོ་དང་1962ལོར་ཧོང་ཀྲོའུ་བོད་ལྗོངས་སུ་ཐེངས་གཉིས་ཡོང་བ་དང་། 1954ལོ་དང་། 1955ལོ། 1961ལོ་བཅས་ལ་ཏུང་ཤིས་ཝུན་བོད་ལྗོངས་སུ་ཐེངས་གསུམ་ཡོང་ཞིང་། ཁོང་ཚོས་ཨ་མདོ་བྱམས་པས་གཙོས་པའི་ལྗོངས་ཕྱི་ནང་གི་སྒྱུ་རྩལ་མཁས་ཅན་ཚོགས་པ་དང་མཉམ་དུ་ཀྲུང་གོ་གསར་པའི་མཛེས་རྩལ་ལོ་རྒྱུས་ཐོག་བོད་ལྗོངས་བརྗོད་གཞིར་བྱས་པའི་མཛེས་རྩལ་གསར་རྩོམ་གྱི་མཐོ་རླབས་ཐོག་མ་དེ་འཕྱུར་བར་བྱས་པས། 《དྲག་ཏུ་ལྡང་བའི་ཁ་བ་བུ་ཡུག་》དང《ལོ་ངོ་སྟོང་གི་ས་གཞིའི་འཕོ་འགྱུར་ཆེན་པོ་》སོགས་དངོས་ཡོད་རིང་ལུགས་ཀྱི་རི་མོའི་བརྩམས་ཆོས་རྩེ་གྲ་ཁག་གཅིག་བལྟམས་ཡོད།
ད་ཆ་འགྲིམ་འགྲུལ་དེ་བས་སྟབས་བདེ་རུ་ཕྱིན་པས། མཛེས་རྩལ་མཁས་ཅན་མང་པོ་བོད་ཀྱི་ས་གནས་ཁག་ཏུ་རི་མོ་འབྲི་བར་སྐྱོད་ཚད་ཇེ་མང་དུ་སོང་ཡོད། ངས་རྩོམ་ཡིག་འདི་འབྲི་སྐབས་ནི་ཀྲུང་གོའི་ས་མཐོའི་བྲིས་རྒྱུན་ཞེས་པའི་སྒྱུ་རྩལ་པ་གྲགས་ཅན་གྱི་བཅར་འདྲི་ཚོགས་པ་ཞིག་མངའ་རིས་ནས་ལྷ་སར་ལོག་མ་ཐག་ཡིན་ཞིང་། ཁོང་ཚོས་ཟླ་ཕྱེད་ལྷག་ཙམ་རིང་སྤྱི་ལེ་4000ལྷག་ཙམ་བསྐྱོད་དེ། རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ལ་བརྟེན་ནས་བོད་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་སྨྱུ་གུའི་ལམ་ནས་ཤོག་ཐོག་ཏུ་ཕབ་ཡོད།
ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་ཡིན་པའི་བོད་ལྗོངས་ནི་ཀྲུང་གོའི་མཛེས་རྩལ་གསར་རྩོམ་གྱི་ཐོན་ཁུངས་རྩ་ཆེན་ཞིག་རེད། ལོ་བཅུ་ཕྲག་འགའ་ཤས་རིང་གི་འཕེལ་རྒྱས་བརྒྱུད། བོད་ཀྱི་མཛེས་རྩལ་མཁས་ཅན་གྱི་ཚོགས་སྤྱི་ཇེ་མང་དུ་སོང་ཡོད་ལ། ས་གནས་ཁག་གི་མཛེས་རྩལ་མཁས་ཅན་ཞུགས་ཚད་ཀྱང་མང་དུ་ཕྱིན་ཡོད་པས། བོད་ལྗོངས་བརྗོད་གཞིར་བྱས་པའི་མཛེས་རྩལ་ལ་དོ་ཁུར་ཆེན་པོ་ཐོབ་པ་དང་། “གནམ་སྔོན་ས་གཙང་། ས་མཐོའི་བྲིས་རྒྱུན”རྒྱུན་ཆད་མེད་པར་སྟོབས་ཆེ་རུ་ཕྱིན་ནས་དེའི་བརྩམས་ཆོས་གདན་ཞུས་ལྟར་འཇར་མན་དང་། ཧྥ་རན་སེ་སོགས་རྒྱལ་ཁབ་དང་ས་ཁུལ་མང་པོར་འགྲེམས་སྟོན་ཐེངས་མང་བྱས་ཡོད། ཉེ་བའི་ལོ་ཤས་རིང་། བོད་ཀྱི་མཛེས་རྩལ་བརྩམས་ཆོས་རྒྱལ་ནང་གི་ས་ཆ་གཞན་དག་ཏུ་འགྲེམས་སྟོན་དང་། རྒྱལ་ནང་གི་ས་ཆ་གཞན་པའི་རི་མོ་མཁས་ཅན་གྱི་རི་མོ་བོད་དུ་འགྲེམས་སྟོན་ཡང་སེ་བྱས་པས། མཛེས་རྩལ་སྤེལ་རེས་དེ་བས་ཟབ་ཏུ་ཕྱིན་ཡོད། ཕན་ཚུན་དབར་གྱི་སྤེལ་རེས་འདི་རིགས་ཀྱིས་བོད་ཀྱི་མཛེས་རྩལ་གྱིས་དོན་དངོས་འཚོ་བར་དོ་ཁུར་བྱེད་པར་སྐུལ་མ་ཐེབས་ནས། གསར་རྩོམ་དེ“ལྷ་གཙོའི་རིང་ལུགས”ནས“མི་གཙོའི་རིང་ལུགས”ཀྱི་ཕྱོགས་སུ་འགྱུར་ལྡོག་བྱུང་ཡོད་ལ། མཛེས་རྩལ་གསར་རྩོམ་གྱི་མཛེས་དཔྱོད་ལྟ་བ་གསར་པ་ཞིག་ཀྱང་ཐོན་པ་དཔེར་ན། ཚོན་མདངས“རབ་རིབ་དང་རྔམ་བརྗིད་ལྡན་པ”ནས“སྐྱ་བོ་དང་གསལ་ཆ་དོད་པར”གྱུར་པ་དང་། འབྲི་སྟངས“རྟོག་བཟོ”ནས“དངོས་འབྲིར”གྱུར་པ། ནང་དོན་ཆུང་ཆུང་ནས་ཆེན་པོར་གྱུར་པ། ཁྱད་ཆོས་ཀྱང་ཤེས་ལྡན་པའི་ཡ་རབས་ཉམས་འགྱུར་ནས་བརྗིད་ཆགས་ཉམས་དགའ་བར་གྱུར་ཡོད།
ལོ་བཅུ་ཕྲག་རིང་། མཛེས་རྩལ་ལས་དོན་པ་མི་རབས་མང་པོས་ས་མཐོར་བསྐྱོད་དེ། ས་མཐོར་གཞིས་ཚུགས་པ་དང་ ས་མཐོ་རི་མོར་བཀོད་ནས། བོད་རིགས་ས་ཁུལ་གྱི་ལོ་རྒྱུས་དང་རིག་གནས་དང་། འཇིག་རྟེན་དང་རང་བྱུང་གི་ཡིད་དབང་འཕྲོག་ཤུགས་ཟབ་མོ་ཚོར་བར་བྱས་ཏེ། སྒྱུ་རྩལ་གསར་གཏོད་ལ་བརྟེན་ནས་ས་གཞི་འདིའི་མི་ཉམས་ཡུན་གནས་ཀྱི་དྲན་འཆར་རི་མོར་འགོད་བཞིན་ཡོད། རི་མོ་དེ་དག་ལས་རང་བྱུང་ཁམས་ལ་བརྩི་མཐོང་དང་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་ས་མཐོའི་མི་དམངས་ཀྱི་གཞུང་དྲང་བབ་ཆགས་དང་། ས་གཞི་འདིའི་ལོ་རྒྱུས་ཀྱི་འཕོ་འགྱུར་དང་སྐྱེ་སྟོབས་ཀྱི་གསོན་ཤུགས་མངོན་བཞིན་ཡོད།
ད་ལོ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་རེད། ལོ་རྒྱུས་དུམ་བུ་འདི་དངོས་སུ་བརྒྱུད་མྱོང་མཁན་དང་བདེན་དཔང་བྱེད་མཁན་ཞིག་ཡིན་པའི་ངོས་ནས། ང་ལ་ཡིད་ཆེས་བརྟན་པོ་འདི་འདྲ་ཞིག་རྙེད་པ་སྟེ། ལོ་ངོ་60ཡི་རིང་རྒྱུན་མཐུད་འབད་འཐབ་དང་ལོ་ངོ་60ཡི་རིང་གྲབས་ཚགས་ཚུད་དང་གཏོང་གནད་འཁེལ་བྱས་པ་བརྒྱུད། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གྱུར་ངེས་རེད། དུས་རབས་འཕེལ་རྒྱས་ཕྱིན་པས་སྒྱུ་རྩལ་གསར་རྩོམ་ལ་ཞུན་བརྡར་ཐེབས་ཤིང་། “རྒྱལ་ཁབ་ཀྱི་རྩེར་སོན་སྒྱུ་རྩལ་མཁས་ཅན་གྱི་བོད་ལྗོངས་ཀྱི་བརྗོད་གཞིའི་གསར་རྩོམ་འདུ་འགོད་”སོགས་སྒྱུ་རྩལ་རིག་གནས་ཀྱི་འདུ་འགོད་དང་རྣམ་གྲངས་རྒྱུན་མཐུད་ལག་ལེན་བསྟར་བ་དང་བསྟུན་ནས་བོད་ལྗོངས་བརྗོད་གཞིར་བྱས་པའི་མཛེས་རྩལ་གསར་རྩོམ་དེ་བས་གཏིང་ཟབ་དང་། དེ་བས་ཏན་ཏིག དེ་བས་སེམས་འགུལ་ཐེབས་པ་བཅས་ལ་གྱུར་ཏེ། དུས་རབས་གསར་པའི་བརྗིད་ཆེའི་རྣམ་པར་བརྟེན་ནས་གངས་ལྗོངས་ས་མཐོའི་ངོ་མཚར་ཆེ་བའི་ལེའུ་གསར་པ་རྩོམ་ཐུབ་ངེས་རེད།
(རྩོམ་པ་པོ་ནི་བོད་རང་སྐྱོང་ལྗོངས་རིག་རྩལ་ལྷན་ཚོགས་ཏང་ཙུའི་དེ་སྔའི་ཧྲུའུ་ཅི་ཡིན)