འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་16ཉིན།

༄༅།།མཚོ་སྔོན་གྱིས་བྱེད་སྒོ་ཆེན་པོ་ཁག་བཅུ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་
དྲིལ་བསྒྲགས་ཟླ་བར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་16ཉིན། 14:06】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ད་ལོ་ནི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་གཏོད་ཀྱི་མཇུག་བསྡུའི་ལོ་རེད་ལ། འགོ་འཛུགས་ས་གསར་པར་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་ཇུས་འགོད་དང་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཞིག་ཀྱང་རེད། ཟླ་བ་དགུ་པར། མཚོ་སྔོན་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཐེངས་44པ་དངོས་སུ་འགོ་ཚུགས་པ་དང་། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་འཛུགས་གཏོད་ཧུར་ཐག་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ནས། གཙོ་གནད་བྱེད་སྒོ་ཆེན་པོ་ཁག་བཅུ་བཏོན་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ“མཉམ་མྱོང་བཞིའི”གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང“མོས་སེམས་ལྔ”ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ཐོག དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད་པ་རེད།

     དྲིལ་བསྒྲགས་ཟླ་བའི་རིང་། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མི་རིགས་སྲིད་ཇུས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་བྱེད་སྒོ་སྤེལ་ཏེ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་མི་རིགས་སྲིད་ཇུས་ཤེས་རྟོགས་དང་ཁོང་དུ་ཆུད་པར་ཁྲིད་སྟོན་ཡག་པོ་བྱས་ནས། རྒྱ་ཆེའི་ལས་བྱེད་པའི་མི་རིགས་ལས་དོན་གྱི་རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་མཐོ་རུ་དང་མི་རིགས་ལས་དོན་སྤེལ་བའི་འཇོན་ཐང་ཆེ་རུ་བཏང་ཡོད། སྔོན་ཐོན་ལ་གཟེངས་བསྟོད་བྱས་ནས་མིག་དཔེ་བཏོད་ཅིང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ། ས་གནས་ཁག་དང་ལས་རིགས་ཁག་ཏུ་ཐོན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་གཅིག་སྡུད་གཟེངས་བསྟོད་བྱས་ནས། འཛུགས་གཏོད་ལས་དོན་ལ་ཞུགས་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་སྐུལ་སྤེལ་གང་ལེགས་བྱས་ཡོད། ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཉེ་བའི་ལོ་ཤས་རིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ལས་དོན་གྱི་ཉམས་མྱོང་དང་གྲུབ་འབྲས་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྱུར་ལྡོག་ཆེན་པོ་དང་དམངས་འཚོ་ལེགས་བཅོས་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཐོག དྲིལ་བསྒྲགས་ཉིན་མོ་དང་དྲིལ་བསྒྲགས་གཟའ་འཁོར་སོགས་སུ་སྣ་མང་ཕུན་སུམ་ཚོགས་པའི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཡོད་པ་རེད།

     སྐད་ཡིག་སྤེལ་རེས་དང་སློབ་གསོའི་ཁྲིད་སྟོན་ཐད། འགྲན་བསྡུར་བྱེད་སྒོ་ལས་བཀྲག་མདངས་འཚེར་ས་མང་པོ་མངོན་པ་སྟེ། ཞིང་ཆེན་ཡོངས་སུ་གྲངས་ཉུང་མི་རིགས་ཀྱི་ཞིང་འབྲོག་པའི་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་བརྙན་འཕྲིན་གཏམ་བཤད་འགྲན་བསྡུར་སྐབས་གཉིས་པ་གཉེར་ཞིང་། ཐོག་མའི་འགྲན་བསྡུར་དང་བསྐྱར་མའི་འགྲན་བསྡུར་བདེ་བླག་གཉེར་བའི་རྨང་གཞིའི་ཐོག “རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་བཏང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས”ཞེས་པའི་བརྗོད་དོན་གཙོ་བོར་གཞིགས་ནས་མཐའ་བསྡུར་བྱས་པ་དང་། ཕུལ་བྱུང་བརྩམས་ཆོས་དུས་གཅིག་ཏུ་དྲིལ་བསྒྲགས་བྱས་ཏེ། སྐད་ཡིག་གཅིག་མཐུན་ལ་བརྟེན་ནས་སེམས་པ་གཅིག་མཐུན་ཡོང་བར་སྐུལ་འདེད་བཏང་ཡོད། རིམ་པ་ཁག་དང་རིགས་ཁག་གི་སློབ་གྲྭས་དུས་ཚོད་ཀྱི་མཚམས་ཚིགས་གལ་ཆེན་དང་ཟུང་འབྲེལ་གྱིས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཤེས་བྱའི་འགྲན་བསྡུར་དང་གཏམ་བཤད་འགྲན་བསྡུར་ཆེན་པོ་བྱས་ཏེ། ཕུལ་བྱུང་བདམས་ཐོན་པ་འདེམས་སྒྲུག་གིས་ཞིང་ཆེན་ཡོངས་ཀྱི་འགྲན་བསྡུར་ལ་ཞུགས་སུ་བཅུག་ནས། མི་རིགས་ཁག་གི་དགེ་སློབ་ཚོའི“མོས་སེམས་ལྔ”ཟབ་ཏུ་བཏང་ཡོད་པ་རེད།

     ཚོགས་སྤྱི་མི་འདྲ་བར་དམིགས་པའི་ཁྱད་ལྡན་བྱེད་སྒོ་ཡང་དུས་གཅིག་ཏུ་སྤེལ་ཞིང་། དམངས་གཉེར་དཔལ་འབྱོར་མི་སྣ་སྒྲིག་འཛུཌ་ཀྱིས“ཕུགས་བསམ་དད་སེམས་བརྟན་གཏོང་། མཐུན་སྒྲིལ་སེམས་མཐུན་མཉམ་གཏོད”ཅེས་པའི་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་ཏེ། དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ་གྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་ཡོད། “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་ཏང་གི་སློབ་ཚན་ཆུང་ངུའི”བརྩམས་ཆོས་བསྡུ་རུབ་དང་དཔྱད་བསྡུར་བྱས་ཏེ། ཏང་འཛུགས་སྐྱོང་དང་མི་རིགས་ལས་དོན་མཉམ་འདྲེས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ་དང་། ཚན་པ་ཁག་སྒྲིག་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་དང་སློབ་གསོའི་རྟེན་གཞི་སོགས་སུ་བསྐྱོད་ནས་ཕན་ཚུན་ལྟ་ཞིབ་དང་ཞིབ་བཤེར་བྱས་ཏེ་འཛུགས་གཏོད་ཀྱི་གྲུབ་འབྲས་བརྟན་དུ་བཏང་ཡོད།