འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་15ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་མོ་ཞི་ཁོ་ཕྱོགས་ལ་གཟབ་གཟབ་བྱེད་དགོས་པའི་རེ་བ་བཏོན་ཡོད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་15ཉིན། 15:07】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཚོང་དོན་པུའི་དྲ་ཚིགས་ཀྱི་ཟླ་9ཚེས་11ཉིན་གྱི་དགོང་མོའི་གསར་འགྱུར་གཞིར་བཟུང་། ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས་མོ་ཞི་ཁོ་ཕྱོགས་ཀྱིས་འབྲེལ་ཡོད་ཚོང་དོན་རོགས་ཟླར་ནང་འདྲེན་སྒོ་ཁྲལ་གྱི་ཁྲལ་ཚད་མཐོ་རུ་གཏོང་རྒྱུའི་སྐོར་ནས་གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

     གསར་འགོད་པས་དྲིས་པར། གནས་ཚུལ་སྤེལ་བར་གཞིགས་ན། མོ་ཞི་ཁོས་ཀྲུང་གོ་ཚུད་པའི་མོ་ཞི་ཁོ་དང་རང་མོས་ཚོང་དོན་གྱི་གྲོས་མཐུན་བཞག་མེད་པའི་རྒྱལ་ཁབ་ལ་རླངས་འཁོར་དང་། རྩེད་ཆས། ངར་ལྕགས། འཁེལ་འཐག་ཐོན་རྫས། འགྱིག་རྫས་སོགས་ཁྲལ་ཁོངས་ཀྱི་ཐོན་རྫས་ཁག་1400ཙམ་གྱི་ནང་འདྲེན་སྒོ་ཁྲལ་གྱི་ཁྲལ་ཚད་10%ནས་50%བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་དབྱེ་ཞིབ་བྱས་པ་ལྟར་ན། མོ་ཞི་ཁོའི་དཔྱ་ཁྲལ་མཐོ་རུ་གཏོང་བའི་བྱེད་ཐབས་དེ་ཨ་རི་ཕྱོགས་ཀྱི་དུས་ཡུན་རིང་བོའི་ཀྲུང་གོ་འགོག་པའི་བསམ་བློ་དང་མཐུན་པ་དང་། འབྱུང་འགྱུར་མོ་ཞི་ཁོ་དང་ཨ་རི་བྱང་མའི་རོགས་ཟླའི་དབར་གྱི་ཉོ་ཚོང་གྲོས་མོལ་ལ་ཞབས་འདེགས་ཞུ་རྒྱུར་ཕན་པ་ཡོད་ལ་“མོ་ཞི་ཁོའི་འཆར་གཞིའི་”འཐབ་ཇུས་ལས་རྒྱལ་ནང་གི་ཐོན་སྐྱེད་དང་འཛད་སྤྱོད་ལ་ཤུགས་སྣོན་རྒྱག་རྒྱུ་དང་མཐུན་ཡོད་ཅེས་བཤད་པར་ཚོང་དོན་པུས་དེའི་ཐད་དཔྱད་གཏམ་གང་ཡོད་དམ་ཞེས་དྲིས་པར།

     ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ང་ཚོས་འབྲེལ་ཡོད་གནས་ཚུལ་སྤེལ་བར་དོ་སྣང་བྱུང་། མོ་ཞི་ཁོ་ཕྱོགས་ཀྱིས་ཁྲལ་བསྡུ་རྒྱུའི་འཕེལ་ཕྱོགས་ལ་དོ་ཁུར་ཆེན་པོ་བྱས་ནས་འབྲེལ་ཡོད་ཀྱི་ཆེས་མཐའ་མའི་བྱ་ཐབས་ལ་དཔྱད་དཔོག་ནན་ཏན་བྱེད་ཀྱི་ཡོད། མིག་སྔར་ཨ་རིས་སྒོ་ཁྲལ་གང་བྱུང་དུ་བཀོལ་བར་འཛམ་གླིང་ཡོངས་ཀྱིས་ངོ་རྒོལ་བྱེད་པའི་སྐབས་འདིར། རྒྱལ་ཁབ་ཁག་གིས་འབྲེལ་གཏུག་དང་མཐུན་སྦྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རང་མོས་ཚོང་དོན་དང་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་དགོས་པ་ལས། གཞན་གྱིས་བཙན་ཤེད་བྱས་རྐྱེན་ཕྱོགས་གསུམ་པའི་ཁེ་ཕན་བློས་གཏོང་མི་རུང་། རྒྱབ་ལྗོངས་དེའི་འོག་མོ་ཞི་ཁོ་ཕྱོགས་ཀྱི་ཕྱོགས་རྐྱང་པའི་དཔྱ་ཁྲལ་སྣོན་པའི་བྱ་སྤྱོད་དེ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་སྲོལ་ནང་ཚུད་ནའང་། ཕྱོགས་རྐྱང་པའི་བཙན་དབང་རིང་ལུགས་ལ་མགོ་སྒུར་དང་འོས་མེད་མཐུན་ཐབས་བྱས་པར་ངོས་འཛིན་བྱེད་ཀྱི་ཡོད། འབྲེལ་ཡོད་བྱ་ཐབས་དོན་འཁྱོལ་བྱུང་ཚེ་ཀྲུང་གོ་ཚུད་པའི་འབྲེལ་ཡོད་ཚོང་དོན་རོགས་ཟླའི་ཁེ་ཕན་ལ་གནོད་སྲིད་པ་མ་ཟད། མོ་ཞི་ཁོའི་ཚོང་དོན་ཁོར་ཡུག་གི་ངེས་གཏན་རང་བཞིན་ལ་ཤུགས་རྐྱེན་ངན་པ་ཕོག་ནས་ཁེ་ལས་ཀྱིས་མོ་ཞི་ཁོར་མ་འཇོག་བྱེད་པའི་ཡིད་ཆེས་ཀྱང་ཆག་པར་བྱེད། ཀྲུང་གོ་དང་མོ་ཞི་ཁོ་ཕྱོགས་གཉིས་དཔལ་འབྱོར་ཚོང་དོན་གྱི་གྲོགས་པོ་གལ་ཆེན་ཡིན་པས་ང་ཚོས་ཕྱོགས་གཉིས་པོའི་དབར་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གནོད་འཚེ་མི་ཕོག་པའི་ཆེད་དུ་མོ་ཞི་ཁོ་ཕྱོགས་ཀྱིས་གཟབ་ནན་སྔར་བས་ཆེ་བ་བྱེད་དགོས་པ་དང་བསམ་བློ་ཞིབ་ཏུ་གཏོང་བར་རེ་བ་བྱེད་ཀྱིན་ཡོད་ཅེས་བཤད་ཡོད་པ་རེད།

     ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕྱོགས་ཁག་གིས་འདྲ་མཉམ་ཐོག་གླེང་མོལ་བྱས་ནས་དཔལ་འབྱོར་ཚོང་དོན་གྱི་ལྟ་བ་མི་མཐུན་པ་ཐག་གཅོད་བྱེད་པའི་འདོད་ཚུལ་བཟུང་ནས། རྣམ་པ་གང་རུང་གི་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། དེ་བཞིན་མཐོང་ཆུང་རང་བཞིན་དང་ཕྱིར་འབུད་རང་བཞིན་གྱི་བྱེད་ཐབས་བཅས་དང་། ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱེད་སྟངས་སྣ་ཚོགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱིནཡོད། ཀྲུང་གོ་ཕྱོགས་ཀྱིས་དོན་དངོས་གནས་ཚུལ་གཞིར་བཟུང་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་རང་ངོས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན།

     ཕྱི་འབྲེལ་པུས། མོ་ཞི་ཁོ་ཕྱོགས་ཀྲུང་གོ་དང་ཁ་ཕྱོགས་གཅིག་གི་ལམ་དུ་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ།

     ཟླ་9ཚེས་11ཉིན་གྱི་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཕེང་པོ་གསར་འགྱུར་ཁང་གི་གསར་འགོད་པས་དྲི་བ་བཏོན་པ་སྟེ། གནས་ཚུལ་སྤེལ་བར་གཞིགས་ན། མོ་ཞི་ཁོས་ཀྲུང་གོ་དང་ཨེ་ཤ་ཡའི་རྒྱལ་ཁབ་ཁག་གཅིག་གིས་ཐོན་སྐྱེད་བྱས་པའི་རླངས་འཁོར་དང་ཐོན་རྫས་གཞན་དག་ལ་སྒོ་ཁྲལ་50%བསྡུ་རྩིས་ཡོད་པས་ཕྱི་འབྲེལ་པུས་དེར་ལན་ཇི་འདྲ་ཡོད་ཞེས་དྲིས་པར།

     མགྲིན་ཚབ་པ་ལིན་ཅན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དར་སྤེལ་བཏང་ནས། རྣམ་པ་སྣ་ཚོགས་ཀྱི་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོབ་རིང་ལུགས། མཐོང་ཆུང་རང་བཞིན། ཕྱིར་འབུད་རང་བཞིན་བཅས་ཀྱི་བྱེད་ཐབས་ལ་ངོ་རྒོལ་བྱས་ནས་གཞན་གྱི་བཙན་ཤེད་འོག་མིང་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོར་ཚོད་འཛིན་དང་ཀྲུང་གོ་ཕྱོགས་ཀྱི་ཚུལ་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བར་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ལ། ང་ཚོས་དོན་དངོས་ལ་གཞིགས་ནས་རང་ངོས་ཀྱི་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས་བཤད།

     ལིན་ཅན་གྱིས་བཤད་དོན། ཀྲུང་གོ་དང་མོ་ཞི་ཁོ་གཉིས་གོ་ལའི་ལྷོ་ཕྱོགས་ཀྱི་ཁོངས་མི་གལ་ཆེན་ཡིན་པ་དང་གཉིས་ཕན་མཉམ་རྒྱལ་ནི་ཀྲུང་གོ་དང་མོ་ཞི་ཁོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་ངོ་བོའི་ཁྱད་ཆོས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་མོ་ཞི་ཁོའི་དབར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པས། མོ་ཞི་ཁོ་ཕྱོགས་ཀྲུང་གོ་དང་མཉམ་དུ་ཁ་ཕྱོགས་གཅིག་ལ་བསྐྱོད་དེ་འཛམ་གླིང་དཔལ་འབྱོར་སླར་གསོ་དང་གོ་ལ་ཧྲིལ་པོའི་ཚོང་དོན་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།