འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་11ཉིན།

༄༅།།དངུལ་རྩའི་ཀུན་ཕན་སྲིད་ཇུས་སྦྲང་ཆར་ལས། དམངས་འཚོའི་ཞིང་ས་གཤིན་པོ་ཡོངས་སུ་བརླན།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་11ཉིན། 14:29】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     འདི་ག་ཚགས་པར་གྱི་གསར་འགོད་པ།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་གནང་དོན། བོད་ཀྱི་འཕེལ་རྒྱས་ལ་རང་ངོས་ཀྱི་ཁྱད་ཆོས་ལྡན་པས། དོན་དངོས་དང་ཟུང་འབྲེལ་བྱས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལོ་མང་རིང་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱུན་མཐུད་ཤུགས་བརྒྱབ་སྟེ་དངུལ་རྩའི་ཆུ་བོ་དྲངས་ནས་མ་རྩའི་ཁྲོམ་རའི་ཞིང་ས་བརླན་པར་བྱས་ཏེ། ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ནས་དམངས་འཚོ་ལེགས་གཏོང་གི་དྲོ་སྐྱིད་ཀྱི་ལེའུ་རྩོམ་དགོས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ། ང་ཚོས་གངས་ལྗོངས་ས་མཐོར་བསྐྱོད་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རྣམ་པ་ཟབ་མོ་ཚོར་བྱུང་།

     —— རྩོམ་སྒྲིག་པས།

     ནོར་སྲིད།

     2024ལོ།

     བོད་ཀྱི་ས་གནས་ཀྱི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་277བར་འཕར་བ་དེ་1965ལོ་ལས་ལྡབ་1258འཕར་བ།

     ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར་2919བར་འཕར་བ་དེ་1965ལོ་ལས་ལྡབ་2584འཕར་བ།

     ཀྲུང་དབྱང་གིས་བོད་ལ་སྒྱུར་སྤྲོད་བྱེད་ཁྱོན་སྒོར་དུང་ཕྱུར་2580.8ཟིན་ནས་དམངས་འཚོ་འགན་སྲུང་ལ་འདེགས་སྐྱོར་བརྟན་པོ་བྱས་པ།

     གྲངས་གཞིའི་ཡོང་ཁུངས། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་སོགས་ནས།

     ནོར་ཤུགས་ཀྱི་བཅུ་ཆ་བརྒྱད་ཡན་དམངས་འཚོར་བཏང་བ།

     བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུ་དེ་ནོར་སྲིད་གཏོང་སྒོའི་སྔོན་འདེམས་རྣམ་གྲངས་ལ་བརྩིས་ནས་ལོ་མང་བསྟུད་མར་ལྗོངས་ཡོངས་ཀྱི་ནོར་ཤུགས་80%ཡན་སློབ་གསོ་དང་། སྨན་བཅོས། ལས་ཞུགས། སྤྱི་ཚོགས་འགན་སྲུང་སོགས་དམངས་འཚོའི་ཁྱབ་ཁོངས་སུ་བཏང་ཡོད།

     མ་དངུལ“མཐའ་མའི་འགག་གནད”ལ་ཐད་ཀར་བཏང་བས་དམངས་འཚོ་འགན་སྲུང་གི་རྨང་གཞི་དེ་བས་བརྟན་དུ་སོང་བ།

     2023ལོར་བོད་ཀྱིས་དམངས་ཕན་ཞིང་ཕན་གྱི་ནོར་སྲིད་ཁ་གསབ་ཀྱི“གཱ་གཅིག་ཀུན་འཐུས”མ་ལག་ཕྱོགས་ཡོངས་ནས་བཙུགས་ཏེ་ཁ་གསབ་མ་དངུལ་གྱི་བརྒྱུད་རིམ་ཧྲིལ་པོ་དྲ་ཐོག་ནས་གཉེར་བའི་ཐབས་ལམ་བཏོད་ཡོད། མ་ལག་དེ་རྫོང་དང་ཤང་ཚང་མར་ཁྱབ་པ་མ་ཟད། ད་དུང་མ་དངུལ་གཏོང་སྤྲོད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཁ་གསལ་ཁུངས་འདེད་ཐུབ་པའང་བྱུང་ཡོད།

     2024ལོར་བོད་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་གཏོང་སྒོ་སྒོར་དུང་ཕྱུར་2919.62ཟིན་པ་དེའི་ནང་དམངས་འཚོའི་གཏོང་སྒོས་84.1%བཟུང་བ་དང་། གྲོང་ཁྱེར་དང་རྫོང་གི་གཏོང་སྒོས་78.3%བཟུང་ནས་དེ་གཉིས་པོས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་པས། གཙོ་གནད་དམངས་འཚོའི་ཁྱབ་ཁོངས་འགན་སྲུང་བྱེད་ཤུགས་སྔར་བས་ཆེ་རུ་ཕྱིན་ཡོད།

     “གཞི་རྩའི་དམངས་འཚོ་འགན་ལེན་དང་། གླ་ཕོགས་འགན་ལེན། འཁོར་རྒྱུག་འགན་ལེན་བཅས་ཀྱི་ཐད་བོད་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཅིང་། 2024ལོར་ལྗོངས་ཡོངས་ཀྱིས་གཞི་རིམ་ལ་སྒོར་དུང་ཕྱུར་1818སྒྱུར་སྤྲོད་བྱས་པས། ཞིང་ཆེན་རིམ་པས་རྫོང་རིམ་པའི“འགན་ལེན་གསུམ”གྱི་སྔོན་རྩིས་ཞིབ་བཤེར་བྱེད་ཚད་100%ལ་ཁྱབ་པ་དེ་ཀྲུང་དབྱང་གི་བླང་བྱ་ལས་བརྒྱ་ཆའི་གྲངས་50ཡིས་མཐོ་བ་ཡོད་པ་རེད།

     དམངས་འཚོ་འགན་སྲུང་གི་དྲ་བ་ཚགས་དམ་དུ་བཏང་བས་མང་ཚོགས་ཀྱི་ཐོབ་སྣང་དེ་བས་ཆེ་རུ་སོང་བ།

     “ད་ཆ། ཕྲུ་གུ་སློབ་གྲྭར་འགྲོ་བར་སློབ་ཡོན་སྤྲོད་མི་དགོས་པ་མ་ཟད། ད་དུང་འཚོ་བའི་ཁ་གསབ་ཀྱང་ཡོད་པས། ང་ཚོའི་ཁུར་པོ་དངོས་ནས་ཡང་དུ་ཕྱིན་སོང”ཞེས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚེ་མཆོག་གླིང་གྲོང་ཚོའི་ཡུལ་མི་ཉི་མ་བསྟན་འཛིན་གྱིས་བརྗོད་པ་དང་། ཁོང་གི་ཕྲུ་གུ་གཉིས་ཀྱིས་ཀྱང“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་བཞིན་ཡོད། 2025ལོར་བོད་ཀྱིས་སློབ་གསོའི་མ་དངུལ་སྒོར་དུང་ཕྱུར་379བཀོད་སྒྲིག་བྱས་ནས་སློབ་ཞུགས་གོང་གི་སློབ་གསོ་ནས་མཐོ་རིམ་སློབ་འབྲིང་བར་གྱི“ལོ་བཅོ་ལྔའི”གཞུང་གྲོན་སློབ་གསོའི་སྲིད་ཇུས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། “འགན་ལེན་གསུམ”གྱི་གྲོན་དངུལ(ཟ་སྡོད་འགན་ལེན་དང་སློབ་ཡོན་འགན་ལེན)སློབ་མ་རེར་ཆ་སྙོམས་ཚད་གཞི་སྒོར་5700བར་མཐོ་རུ་བཏང་བས་སློབ་མ་ཁྲི་72.6ལ་ཕན་པ་ཐོབ་ཡོད།

     2025ལོར་བོད་ཀྱིས་སྨན་བཅོས་འཕྲོད་བསྟེན་ལ་མ་དངུལ་སྒོར་དུང་ཕྱུར་65.6བཏང་བ་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་མི་རེའི་ཆ་སྙོམས་ཁ་གསབ་ཚད་གཞི་སྒོར་120བར་མཐོ་རུ་བཏང་བས། གྲོང་ཁྱེར་དང་གྲོང་གསེབ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་ནོར་སྲིད་ཁ་གསབ་མི་རེར་ཆ་སྙོམས་སྒོར་735ཟིན་ཡོད་པ་རེད། འགོས་ནད་གལ་ཆེན་སྔོན་འགོག་ཚོད་འཛིན་དང་བྱིས་པའི་ལྷན་སྐྱེས་སྙིང་ནད་དང་ཐུམ་འབུའི་ནད་སོགས་ཡུལ་ནད་རིན་མེད་ངང་སྐྱོབ་བཅོས་བྱེད་པ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་པས་མང་ཚོགས་ཀྱི་བདེ་ཐང་ལ་སྨན་བཅོས་ཀྱི་འགན་ལེན་ཐུབ་ཡོད།

     “ཏང་དང་སྲིད་གཞུང་གིས་ང་ཚོ་རྒན་རྒོན་ལ་དངོས་འབྲེལ་ཡག་པོ་གནང་གི་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གི་མི་ཧྲེང་རྒན་རྒོན་ཆུང་ལགས་ཀྱིས་བརྗོད་པ་དང་། ཁོང་ལ་ཟླ་རེར་དུས་ཐོག་ཏུ་རྒན་གསོའི་དངུལ་རག་གི་ཡོད། 2025ལོར་བོད་ཀྱིས་སྤྱི་ཚོགས་འགན་སྲུང་མ་དངུལ་སྒོར་དུང་ཕྱུར་129བཀོད་སྒྲིག་བྱས་ནས་ལོ་21བསྟུད་མར་ཁེ་ལས་ཀྱི་ལས་བཟོའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་བཏང་བ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དང་དྭ་ཕྲུག་དང་དབང་པོ་སྐྱོན་ཅན་གྱི་ཁ་གསབ་སོགས་ཀྱི་ཚད་གཞི་ཡང་མཐོ་རུ་བརྟན་པོ་བཏང་ཡོད།

     ཕུགས་ལ་གཞི་ཚུགས་ནས་ལམ་སྲོལ་བཙུགས་པ་དང་། དོན་དངོས་ལ་དམིགས་ཏེ་དྲོ་སྐྱིད་སྦྱིན་པ། བོད་ཀྱིས་ད་དུང་དམིགས་བསལ་དུས་ཆེན་ལ་དམིགས་ནས་དམངས་ཕན་སྲིད་ཇུས་བཏོན་པ་སྟེ། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་སྐབས་སུ། རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་20ཁ་སྣོན་བརྒྱབ་ནས་དམངས་འཚོའི་དོན་དངོས་ཁག་10ལག་བསྟར་བྱས་པའི་ནང་ཕྲུ་གུ་དམར་འབྱར་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་ཁ་གསབ་དང་། ལོ་0ནས་3བར་གྱི་བུ་གསོའི་ཁ་གསབ། སློབ་ཆུང་སློབ་མའི་ཁ་སྦུག་བདེ་ཐང་གཅེས་སྐྱོང་། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་དྲོད་ལེན་ཁ་གསབ་སོགས་ཚུད་ཡོད་པ་རེད།

     ལམ་སྲོལ་གསར་གཏོད་བྱས་ནས་བྱ་བ་བཟང་པོ་ཡག་པོ་སྒྲུབ་པ་དང་དོན་དངོས་ཏན་ཏིག་སྒྲུབ་པའི་འགན་ལེན་བྱས་པ།

     སློབ་ཡོན་མི་དགོས་པ་ནས་སྨན་བཅོས་ཀྱི་ཁུར་པོ་ཡང་དུ་བཏང་བའི་བར་དང་། ལས་ཞུགས་རོགས་སྐྱོར་ནས་རྒན་གསོའི་འགན་སྲུང་བར། གྲོང་ཁྱེར་གསར་སྒྱུར་ནས་མཐའ་དར་དམངས་ཕྱུག་བར། བོད་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“དམངས་འཚོའི་ནོར་སྲིད”ཀྱི་དུས་རབས་ཀྱི་སྙིང་དོན་གསལ་འགྲེལ་བྱས་ཡོད། “ང་ཚོས་དམངས་འཚོ་སྔོན་ལ་འཇོག་རྒྱུ་མུ་མཐུད་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ལ་ལན་ཧུར་ཐག་སློག་པ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་དེ་བས་དྲང་གཞག་དང་དེ་བས་ཏན་ཏིག་ངང་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པར་བྱེད་ཀྱི་ཡིན”ཞེས་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི་དང་ཐིང་ཀྲང་གཞོན་པ་དབྱིན་ལི་ཧྥུང་གིས་བརྗོད།

     ཀུན་ཕན་དངུལ་རྩར་བརྟེན་ནས་གངས་ལྗོངས་ས་མཐོར་དྲོ་སྐྱིད་སྦྱིན་པ།

     “ཞིང་གསུམ”འཕེལ་རྒྱས་གཏོང་བའི་དགོས་མཁོ་བསྐངས་ནས་དངུལ་རྩའི་ཞབས་ཞུའི་རྣམ་པ་གསར་པ་བཏོད་པ།

     ས་མཐོར་ཞིང་འབྲོག་པའི་སྡོད་གནས་བལྟོས་བཅས་ཀྱིས་ཁ་ཐོར་ཡིན་པས། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་གྲངས་འཛིན་ཅན་གྱི་ཞབས་ཞུ་རྒྱུན་ཆད་མེད་པར་རིམ་སྤོར་བྱས་ཏེ། བོད་སྐད་ལམ་གྱི“ཡུལ་དངོས་དང་རྒྱང་བསྟེན་ཟུང་དུ་འབྲེལ་བའི”དངུལ་བུན་བརྟག་དཔྱད་བྱ་ཐབས་བཏོན་པས། བོད་སྐད་ཡུལ་སྐད་རིགས་7གྱི་རིག་ནུས་སྐད་བརྡའི་སྣེ་སྟོན་མངོན་འགྱུར་བྱུང་བ་དང་། “གདོང་བཤེར་དངུལ་བུན་རེ་ཞུའི”ནུས་པ་སྤྱོད་འགོ་ཚུགས་ནས་ཞིང་དུད་ཀྱི་དངུལ་བུན་དྲ་ཐོག་ཅན་དུ་འགྱུར་ཚད་90%ཡན་ཟིན་པ་དང་། དངུལ་བུན་རེ་ཞུ་བྱེད་པའི་དུས་ཚོད་དེ་སྔའི་ཉིན་5ནས་མགྱོགས་ཤོས་ཆུ་ཚོད་2བར་ཐུང་དུ་ཕྱིན་ཡོད།

     དཔལ་མགོན་རྫོང་བྱ་ཁྱུང་གྲོང་རྡལ་གོ་ར་བཀྲ་ཤིས་དབྱངས་འཛོམས་འབྲོག་ལས་ཚད་ཡོད་ཀུང་སི་ནི་ནག་ཆུ་གྲོང་ཁྱེར་གྱི་འབྲི་གཡག་གསོ་སྤེལ་ཁེ་ལས་ཤིག་ཡིན་ཞིང་། མ་དངུལ་ཁ་ཐང་བའི་དབང་གིས་གཉེར་སྐྱོང་གཞི་ཁྱོན་རྒྱ་ཆེར་གཏོང་ཐབས་བྲལ། 2022ལོར་ཞིང་ལས་དངུལ་ཁང་ནག་ཆུ་ཡན་ལག་དངུལ་ཁང་གིས“གྲོང་གསེབ་དར་རྒྱས། འབྲི་གཡག་ཐོན་ལས་དངུལ་བུན”ཞེས་པ་བཏོན་ནས་ཡུན་རིང་བག་ལ་ཞ་བའི་འབྲི་གཡག་དག་མ་དངུལ་བསྡུ་སྒྲིལ་དུ་སྤྱོད་ཆོག་པའི་གཏའ་འཇོག་དངོས་པོ་ནུས་ལྡན་དུ་གྱུར་ཡོད། གོ་ར་བཀྲ་ཤིས་དབྱངས་འཛོམས་འབྲོག་ལས་ཀྱི་ལག་ཡོད་འབྲི་གཡག་གཏའ་མར་བཞག་ནས། དངུལ་བུན་སྒོར་ཁྲི་700བདེ་བླག་ངང་གཡར་ཐུབ་པ་དེ་དག་འབྲི་གཡག་ཉོ་བ་དང་གསོ་སྤེལ་སྒྲིག་བཀོད་ལེགས་གཏོང་ལ་སྤྱད་པ་རེད། ད་ཆ་ཁེ་ལས་ཀྱི་གསོ་སྤེལ་གཞི་ཁྱོན་དེ་སྔ་ལས་ལྡབ་གཅིག་ཙམ་ཆེ་རུ་ཕྱིན་ནས་ཁེ་བཟང་ཤུགས་ཆེན་འཕར་ཡོད།

     མིག་སྔའི་བར། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་རིམ་རྩིས་བརྒྱབ་ན་དངོས་ཚན་དཔལ་འབྱོར་གྱི་དངུལ་བུན་སྒོར་དུང་ཕྱུར་7300ཙམ་བཏང་བ་དང་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་1915ཟིན་པ་དེ་ལོ་30གོང་ལས་ལྡབ་50འཕར་ཡོད།

     དངུལ་རྩའི་སྲིད་ཇུས་ལ་བརྟེན་ནས་ཕྲན་ཚེགས་ཁེ་ལས་སྟོབས་ཆེར་འགྲོ་བར་རམ་འདེགས་བྱས་པ།

     ད་ལོའི་དཔྱིད་ཀར་བོད་ལྗོངས་ཁོ་ཝང་ནུས་རྒྱུ་གསར་པ་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཝུན་ཞང་ལ་སེམས་ཁྲལ་ཕྲན་བུ་བྱུང་བ་སྟེ། ནུས་རྒྱུ་གསར་པའི་རླངས་འཁོར་གློག་གསོག་གློག་བརྗེས་ཀུང་སིས་བསྐྲུན་ནས་གཉེར་སྐྱོང་བྱས་པའི་གློག་གསོག་ས་ཚིགས་རྙིང་པ་30ལྷག་ཙམ་ཁྲོམ་རའི་དགོས་མཁོ་དང་བསྟུན་མི་ཐུབ་སྟབས། ལོ་གཉིས་ནང་ཁེ་ལས་ཀྱི་གཉེར་སྐྱོང་འཕེལ་རྒྱས་ལ་ཚོད་འཛིན་ཆེན་པོ་ཕོག་ཡོད།

     “ང་ཚོས་ཆེད་ལས་ཀུན་ཕན་དངུལ་རྩ་ཚོགས་པ་དང་ཕྲན་ཚེགས་ཁེ་ལས་ཀྱི་དངུལ་རྩའི་ཞབས་ཞུའི་དཔུང་ཁག་བཙུགས་ནས་ཆེད་མི་31སྡེ་ཁུལ་དང་གྲོང་གསེབ་ཏུ‘ཡིད་རྟོན་དངུལ་བུན་ཐོག་མ་གཏོང་རྒྱ་ཆེ་རུ་གཏོང་བའི’བྱ་སྤྱོད་སྤེལ་བར་བཀོད་སྒྲིག་བྱས་ཡོད”བོད་ལྗོངས་དངུལ་ཁང་གི་ཧང་ཀྲང་རུང་གོ་ལེང་གིས་དངུལ་ཁང་དེས་རིག་གནས་ཡུལ་སྐོར་དང་། མཐའ་མཚམས་ཉོ་ཚོང་། འབྲོག་ལས། ནུས་རྒྱུ་གཙང་མ། ཁྱད་ལྡན་འདེབས་འཛུགས། དམངས་བདེ་དམངས་ཕན་བཅས་ཀྱི་ལྟེ་བའི་ཐོན་རྫས་མ་ལག་ཆེན་པོ་དྲུག་བཏོན་ཞིང་། ཟླ་6པའི་ཟླ་མཇུག་བར་དངུལ་ཁང་དེ་ཡོངས་ཀྱི་ཀུན་ཕན་ཕྲན་ཚེགས་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་26.39ཟིན་ནས་འཕར་ཚད་45.56%ཟིན་ཡོད་པ་རེད།

     ས་མཐོར་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ནས་འགན་བཅོལ་ལས་རིགས་ཀྱིས་དམངས་འཚོ་འགན་སྲུང་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུས་པ།

     ཧི་མ་ལ་ཡའི་རི་རྒྱུད་ལྷོ་འདབས་ཀྱི་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་གྲོང་ཁྱེར་གྱི་ས་བབ་སྨི་4300ཟིན་པའི་མཐའ་སྲུང་ལམ་ཐིག་གི་མཐའ་སྲུང་བ་ཚེ་རིང་རྡོ་རྗེས་ལོ་འཁོར་མོར་སྐོར་གཡེང་བྱས་ནས་ཁྱིམ་ཚང་འཆམ་མཐུན་དང་རྒྱལ་ཁབ་བདེ་འཇགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱས་ཡོད། 2023ལོའི་གྲང་རླུང་ལྡང་བའི་སྟོན་དུས་ཤིག་ལ་ཁོང་སྐོར་གཡེང་དུ་སྐྱོད་པའི་ལམ་བར་དུ་སྟབས་མི་ལེགས་པར་འདྲེད་རྡབ་ཤོར་ནས་སྐུ་གཤེགས། གནས་ཚུལ་དེ་ཐོས་མ་ཐག་ཀྲུང་གོ་སྲོག་རྟེན་རྒྱུ་ནོར་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིས་འཕྲལ་སྡོམ་དང་ལེན་ལམ་སྲོལ་མགྱོགས་མྱུར་སྤེལ་འགོ་བཙུགས་ཡོད། གུན་གསབ་འཇལ་མཁན་ཚོགས་པས་རླངས་འཁོར་བཏང་ནས་ཆུ་ཚོད་དྲུག་ཙམ་བསྐྱོད་རྗེས་ས་གནས་ས་ཐོག་ཏུ་སླེབས་ནས་ཚེ་རིང་རྡོ་རྗེའི་བཟའ་ཟླའི་ལག་ཏུ་གུན་གསབ་དངུལ་སྒོར་ཁྲི་35སྤྲད།

     ས་མཐོའི་ཞབས་ཞུའི་དཀའ་གནད་སེལ་ཆེད། ཀྲུང་གོ་སྲོག་རྟེན་རྒྱུ་ནོར་འགན་བཅོལ་བོད་ལྗོངས་ཡན་ལག་ཀུང་སིའི་ཞིང་ལས་འགན་བཅོལ་ཆེད་དོན་ཞབས་ཞུའི་རུ་ཁག་གིས་ལོར་ཆ་སྙོམས་ལམ་ཐག་སྤྱི་ལེ་ཁྲི་10ལྷག་ཙམ་བསྐྱོད་ནས་ཐག་རིང་འབྲོག་ཁུལ་ཏུ་འགན་བཅོལ་གྱི་མཚོན་རྟགས་ལ་ཞིབ་དཔྱད་དང་། བརྟག་དཔྱད་ཚད་ལེན། གྱོང་གུན་གཏན་འཁེལ་བཅས་བྱས་ནས་རིམ་རྩིས་བརྒྱབ་ན་སྒོར་ཁྲི་49.26ཟིན་པའི་ཉེན་ཁ་འགན་ལེན་བྱས་པ་དང་ཀུང་སིའི་ཞབས་ཞུའི་ས་ཁོངས་ཀྱི་འབྲི་གཡག་དང་ཡུལ་ལུག་གི་འགན་བཅོལ་འཁུར་ལེན་བྱེད་ཚད་95%ཡན་ཟིན་པ་རེད།

     མ་འཇོག་ཁྲོམ་རས་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་བྱས་པ།

     ད་ལོའི་ཟླ་5པར་ལྷ་ས་གྲོང་ཁྱེར་གྱི་ཐོན་ལས་སྟོབས་ཆེན་གྲོང་ཁྱེར་ཐེབས་རྩ་གཙོ་བོ་དངོས་སུ་བཙུགས་པ་དེ་ནི་བོད་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་རིམ་ངོས་ཀྱི་སྲིད་གཞུང་གིས་ཁྲིད་སྟོན་བྱས་པའི་ཐེབས་རྩ་ཐོག་མ་དེ་ཡིན་པས་བོད་ཀྱི་ཁེ་ལས་ཁྲོམ་རར་ཞུགས་པའི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལ་སྐུལ་འདེད་གཏོང་བར་སྒུལ་ཤུགས་བསྣན་ཡོད་པ་རེད།

     2023ལོར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་《བོད་རང་སྐྱོང་ལྗོངས་ཀྱིས་ཁེ་ལས་ཁྲོམ་རར་ཞུགས་པའི“སྐལ་བཟང་མེ་ཏོག་བྱ་སྤྱོད”ལ་སྐུལ་འདེད་གཏོང་བའི་འཆར་གཞི་》(གཤམ་དུ“སྐལ་བཟང་མེ་ཏོག་བྱ་སྤྱོད”ཅེས་བསྡུ་རྒྱུ་)བཀྲམ་པ་དེ་ནི་བོད་ཀྱི་མ་འཇོག་ཁྲོམ་རའི་འཕེལ་རྒྱས་ལོ་རྒྱུས་ཐོག་ཚད་གཞི་མཐོ་བ་དང་། མ་ལག་རང་བཞིན། ཆེད་ལས་རང་བཞིན་བཅས་ལྡན་པའི་ཁེ་ལས་ཁྲོམ་རར་ཞུགས་པའི་བྱ་སྤྱོད་ཀྱི་འཆར་གཞི་ཐོག་མ་དེ་རེད།

     བོད་ལྗོངས་འཕེལ་རྒྱས་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ལུའོ་ཞི་ཡིས་ངོ་སྤྲོད་བྱས་པར། ལྷ་སའི་སྦི་རག་གིས“བོད་ནས་ཕྱིར་ཐོན་པའི”ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ནས“ཁྱད་ལྡན་ཅན་དང་རྩེར་སོན་ཅན”གྱི་ལམ་ཕྱོགས་སྤྱད་དེ་ས་གནས་ཁག་གི་བཟའ་བཏུང་རྩེ་གྲ་དང་། སྤུས་རྟགས་སྒོ་རྩིས་ཚོང་ཁང་། དྲ་ཐོག་ཐབས་ལམ་བཅས་སུ་ཞུགས་རྩིས་ཡོད་པ་རེད།

     མ་འཇོག་ཁྲོམ་ར་རྒྱུན་མཐུད་སྐྱེད་སྲིང་བྱས་པ་ལས་མ་རྐང་ཁྲོམ་རར་ཞུགས་པའི་ཀུང་སི་དར་རྒྱས་བྱུང་བ། ལོ་སྟོད་དུ་བོད་ཀྱི་Aམ་རྐང་ཁྲོམ་རར་ཞུགས་པའི་ཀུང་སི་22ལ་བསྡོམས་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་273.23བྱུང་བ་དེ་དུས་མཚུངས་ལས་6.02%འཕར་བ་དང་ཁེ་གཙང་ཡོང་འབབ་སྒོར་དུང་ཕྱུར་37.18བྱུང་བ་དེ་དུས་མཚུངས་ལས་11.80%འཕར་ཡོད།

     བསྡོམས་རྩིས་བརྒྱབ་པ་ལས་མངོན་པར། 2024ལོར་བོད་ཀྱི་Aམ་རྐང་ཁྲོམ་རར་ཞུགས་པའི་ཀུང་སི་22ཀྱིས་དཔྱ་ཁྲལ་སྒོར་དུང་ཕྱུར་24.83འཇལ་བ་དེས་བོད་ཀྱི་ཁྲལ་བསྡུའི་ཡོང་འབབ་ཀྱི་14%བཟུང་ནས་མ་འཇོག་སྒོར་དུང་ཕྱུར་5.82གསར་དུ་འཕར་ཡོད། ཁྲོམ་རར་ཞུགས་པའི་ཀུང་སི་རྒྱ་སྟོབས་ཆེ་རུ་ཕྱིན་ནས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་ཤུགས་ཆེན་པོ་རིམ་བཞིན་གཅིག་བསྒྲིལ་ཐུབ་པ་བྱུང་ཡོད།

     སྲིད་ཇུས་ཀྱི་ལེགས་ཆ་འདོན་པ་དང་ལམ་སྲོལ་གྱི་མཐུན་རྐྱེན་སྦྱར་བས་བོད་ཀྱི་ཁེ་ལས་དེ་བས་མང་བས་སྲིད་ཇུས་བཟང་པོར་བརྟེན་ཏེ་མ་རྩའི་ཁྲོམ་རའི་སྒོ་མོ་འབྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད། བོད་ཀྱིས་རིམ་པ་དང་ལས་རིགས་དབྱེ་བའི་ཁྲོམ་རར་ཞུགས་པའི་རྗེས་གྲབས་ཁེ་ལས་ཀྱི་གཙོ་གནད་ཐོན་ཁུངས་མཛོད་བཙུགས་ཟིན་པ་དང་ཁེ་ལས་115མཛོད་དུ་བཅུག་པའི་ནང་འཕེལ་རྒྱས་བྱུང་བའི་ཁེ་ལས་23དང་། འཕེལ་རྒྱས་བྱུང་བཞིན་པའི་ཁེ་ལས་46 ཐོག་མའི་གསར་གཏོད་དུས་མཚམས་ཀྱི་ཁེ་ལས་46བཅས་ཡོད།

     “བོད་ཀྱིས་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པ་དང་། སྤུས་ཚད་ལེགས་པ། འགྲན་རྩོད་ནུས་པ་ཅུང་ཆེ་བ་བཅས་ཀྱི་རིམ་པ་མང་བའི་མ་རྩའི་ཁྲོམ་རའི‘བོད་ཀྱི་ཆ་ཤས’བཏོད་དེ‘སྐལ་བཟང་མེ་ཏོག'དེ་བས་མང་བ་ས་མཐོར་རྩ་བ་ཚུགས་ཐུབ་པར་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དངུལ་རྩ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ས་གནས་དངུལ་རྩ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཅན་ཧྥུང་གིས་བཤད།