མཁའ་དབྱིངས་དར་སྲུང་སྐས་དབྱིབས་རུ་ཁག་གི་འཕུར་སྐྱོད་པ་དབྱང་པོ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་10ཉིན། 14:08】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་9ཚེས་3ཉིན་གྱི་དམག་གཟིགས་མཛད་སྒོའི་ཐོག་མཁའ་དབྱིངས་དར་སྲུང་སྐས་དབྱིབས་རུ་ཁག་གིས་སྔོན་ལ་འགྲེམས་སྟོན་བྱས་པ་དང་། ཐད་འཕུར་གནམ་གྲུ་26ལས་ཨང་ཀི“80”ཡི་དབྱིབས་ཆེན་པོ་ཞིག་གྲུབ་ཡོད། ཨང་ཀི“0”གྱི་གཡོན་ཕྱོགས་ཀྱི་གནམ་གྲུ་དང་པོ་དེ་དབྱང་པོ་ཡིས་ཁ་ལོ་བསྒྱུར་གྱི་ཡོད།
གནམ་གྲུ་མང་བའི་ཁར་འགུལ་སྐྱོད་ཀྱི་བར་སྟོང་ཆུང་ཆུང་རེད། “དཔུང་རུའི་གནམ་གྲུ་མང་པོ་དུས་གཅིག་ཏུ་འཕུར་བས་རླུང་རྒྱུན་འཁྲུག་ཤུགས་ཆེ་རུ་ཕྱིན་སྟབས་གནམ་གྲུ་གཏོང་བར་བླང་བྱ་དེ་བས་མཐོ་པོ་ཡོད”ཅེས་དབྱང་པོས་བརྗོད་པ་དང་། ཁོང་གིས“གནམ་གྲུའི་མཐོ་ཚད་དང་མྱུར་ཚད་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། ད་དུང་དུས་ངེས་མེད་དུ་དཔུང་རུའི་ཁྲོད་ཀྱི་རང་ཉིད་གནས་སར་དོ་སྣང་ཡང་བྱེད་དགོས་སྟབས་ལག་རྩལ་དང་། སེམས་ཁམས། མཐུན་སྦྱོར་གཞོགས་འདེགས་བཅས་ལའང་བླང་བྱ་དེ་བས་མཐོ་པོ་ཡོད”ཅེས་བརྗོད།
ད་ཐེངས་བརྩིས་ན་དབྱང་པོས་གནམ་གྲུ་བཏང་ནས་གནམ་བདེ་སྒོ་མོ་ཆེའི་མཁའ་དབྱིངས་ནས་ཐེངས་གསུམ་འཕུར་མྱོང་ཡོད། ལོ་ངོ་70འཁོར་བའི་རྒྱལ་སྟོན་དམག་གཟིགས་ཁྲོད་དབྱང་པོ་ནི་མཁའ་དབྱིངས་དར་སྲུང་སྐས་དབྱིབས་རུ་ཁག་གི་ལོ་ན་གཞོན་ཤོས་ཀྱི་འཕུར་སྐྱོད་པ་རེད། ལོ་གཉིས་སོང་རྗེས་ཁོང་གིས་གནམ་གྲུ་བཏང་ནས་དར་སྲུང་བྱེད་བཞིན་གནམ་བདེ་སྒོ་མོ་ཆེའི་མཁའ་དབྱིངས་ནས་འཕུར་ཏེ། སྐར་ཆ་ཙམ་གྱི་བར་ཁྱད་མེད་པར་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་ཕྱག་རྟགས་ཕུལ་ཡོད།
དབྱང་པོས“བསྐྱར་དུ་དམག་འཐབ་གནམ་གྲུ་བཏང་ནས་མེས་རྒྱལ་གྱི‘ལྟེ་བ’ནས་འཕུར་རྒྱུ་བྱུང་བས་ངའི་དད་སེམས་བརྟན་དུ་ཕྱིན་སོང་། ངས་གནམ་གྲུའི་འོག་གི་ཡིད་དུ་འོང་བའི་རི་ཀླུང་སྲུང་སྐྱོང་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་འཁོད་ཡོང་བར་བྱེད་ཀྱི་ཡིན”ཞེས་བརྗོད།
མཁའ་དབྱིངས་ཀྱི་ཐང་དཀར་རྒོད་པོ་ལོག་ཟིན་པ་དང་། ལས་འགན་ཐུགས་གྲ་ལེགས་འགྲིག་བྱུང་བའི་དབྱང་པོ་དང་འཐབ་གྲོགས་ཚོས་ཐེངས་རྗེས་མའི་འཕུར་སྐྱོད་ལས་འགན་ལ་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་ཨང་བསར་བྱེད་བཞིན་མཆིས།