དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཆེད་དོན་རྒྱབ་སྐྱོར་བྱས་པ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་09ཉིན། 09:59】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། དགེ་རྒན་གྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བར་དམིགས་ཏེ་ཀྲུང་དབྱང་ནོར་སྲིད་ཀྱིས་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་450ཙམ་བཏང་ནས། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་ཆེད་དོན་རྒྱབ་སྐྱོར་གྱིས་བྱང་ཚད་མཐོ་བའི་དགེ་རྒན་དེ་བས་མང་བ་མུ་མཐུད་གསོ་སྐྱོང་དང་མཁོ་འདོན་བྱས་པ་དང་། སློབ་གསོ་པུའི་ཐད་གཏོགས་དགེ་འོས་སློབ་ཆེན་གྱི་དགེ་འོས་སློབ་མའི་གཞུང་གྲོན་སློབ་གསོའི་སྲིད་ཇུས་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ལོ་ལྟར་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་ལ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་8000ལྷག་ཙམ་གསོ་སྐྱོང་བྱས་པ། “ཕུལ་བྱུང་དགེ་རྒན་གྱི་འཆར་གཞི”ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ནས་ལོ་ལྟར་དབུལ་སྒྲོལ་རྫོང་832དང་དབུས་རྒྱུད་དང་ནུབ་རྒྱུད་ཀྱི་སྐམ་སའི་མཐའ་མཚམས་རྫོང་གི་སློབ་གྲྭ་འབྲིང་ཆུང་ལ་དགེ་འོས་སློབ་མ་ཁྲི་1ཙམ་ཁ་ཕྱོགས་གཏན་འཁེལ་གྱིས་གསོ་སྐྱོང་བྱས་པ། “དམིགས་བསལ་ལས་གནས་ཀྱི་འཆར་གཞི”ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱས་ནས་ལོ་ལྔའི་ནང་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་གྲོང་གསེབ་སློབ་གྲྭར་རིམ་རྩིས་བརྒྱབ་ན་དམིགས་བསལ་ལས་གནས་ཀྱི་དགེ་རྒན་ཁྲི་25ཙམ་ཁ་གསབ་བྱས་ཡོད།
ད་ལོ། “རྒྱལ་ཁབ་ཀྱི་སློབ་གྲྭ་འབྲིང་ཆུང་གི་ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞིའི”སློབ་ཐོན་སློབ་མ་ཁག་དང་པོ་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ལས་གནས་སུ་སླེབས་ཤིང་། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱིས་ཀྱང“ཕུལ་བྱུང་དགེ་རྒན་གྱི་འཆར་གཞིའི”སྐབས་དང་པོའི་སློབ་ཐོན་སློབ་མ་ཁྲི་གཅིག་ཙམ་ལ་བསུ་བ་ཞུས་ཏེ། འཕེལ་རྒྱས་འགྲོ་འགོར་བའི་ས་ཁུལ་གྱི་རྨང་གཞིའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་བར་གསོན་ཤུགས་གསར་པ་བསྣན་ཡོད།
དགེ་རྒན་གྱི་གླ་ཕོགས་འགན་སྲུང་བྱེད་ཤུགས་སྲ་བརྟན་དང་མཐོ་རུ་གཏོང་བར་དམིགས་ཏེ། སློབ་གསོ་པུས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་སྡོད་ཁང་འཛུགས་སྐྲུན་པུའུ་སོགས་སྡེ་ཚན་དང་མཉམ་དུ་གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས། “བགོ་སྒྲིག་བོགས་གཏོང་དང་བགོ་སྒྲིག་ཕྱིར་ཚོང་ཟུང་འབྲེལ”གྱི་གྲོང་གསེབ་དགེ་རྒན་གྱི་སྡོད་ཁང་འགན་སྲུང་མ་ལག་བཙུགས་པ་དང་། དགེ་རྒན་ལ་ཕན་པའི་ཞབས་ཞུའི་ཐད་སློབ་གསོ་པུས་ཉེ་ཆར་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་པའི་སྤྱི་ཕན་བྱ་སྤྱོད་ཐེངས་གཉིས་པ་སྤེལ་འགོ་ཚུགས་པའི་ནང་གཞུང་ལས་སློབ་སྦྱོང་མཉེན་ཆས་དང་། སྡོད་ཁང་བདེ་སྡོད། རླངས་འཁོར་ཉོ་བ། རྒྱུན་མཁོའི་ཚོང་ཟོག བཟའ་བཏུང་འཛད་སྤྱོད། འགྲིམ་འགྲུལ་འགྲོ་སྐྱོད་སོགས་ཁྱབ་ཁོངས་མང་པོ་ཚུད་ནས་དགེ་རྒན་ཚོགས་སྤྱིར་གཟིགས་སྐྱོང་ཞབས་ཞུ་མཁོ་འདོན་བྱས་པ་མ་ཟད། ས་གནས་ཁག་གིས་ཀྱང་དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་ཕན་པའི་བྱེད་ཐབས་བསྟུད་མར་བཏོན་ཡོད་པ་རེད།