གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་08ཉིན། 16:39】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་9ཚེས་1ཉིན་ནི་སློབ་འགོ་ཚུགས་པའི་ཉིན་དང་པོ་རེད། མཚོ་སྔོན་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས“སློབ་སྲུང་ལས་གནས” དང“འཚང་ག་ཆེ་སྒང་གི་ལས་སྒྲུབ”ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ནས། ཉེན་རྟོག་པ་མི་ཐེངས་6180དང་ཉེན་རྟོག་རླངས་འཁོར་ཐེངས་1829བཏང་སྟེ། གཙོ་གནད་དུས་མཚམས་དང་ལམ་དུམ་གཙོ་བོར“ཉེན་རྟོག་པ་དང་། ཉེན་རྟོག་རླངས་འཁོར། ཉེན་བརྡའི་གློག་སྒྲོན་བཅས་མཐོང་རྒྱུ་ཡོད་པ”བྱས་ ནས། སློབ་གྲྭའི་སྒོ་འགྲམ་གྱི་འགོག་ཟོན་ནུས་པ་དང་ཟིལ་གནོན་ཆེ་རུ་བཏང་བ་རེད།
སློབ་འགོ་ཚུགས་མ་ཐག མཚོ་སྔོན་གྱི་རིམ་ཁག་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་གཏོགས་ཁུལ་གྱི་སློབ་གྲྭའི“འཕྲལ་སྡོམ་ཚན་པ་ཆུང་ཤོས”གཅིག་སྡུད་སྒྲིག་འཛུགས་བྱས་ཏེ། དངོས་འཐབ་རྩལ་ནུས་ནང་སྦྱོང་བྱས་ནས་ཐོལ་བྱུང་ལས་འཛོལ་ཐག་གཅོད་བྱེད་ནུས་ཆེ་རུ་བཏང་བ་རེད། སློབ་གསོ་སྡེ་ཚན་དང་མཉམ་དུ་སློབ་གྲྭའི་ནང་ཁུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ“ལེབ་བཤེར་རྣམ་པའི”གྲལ་བཤེར་བྱས་པ་དང་། སློབ་གྲྭའི“མཐེབ་གནོན་ཉེན་གཏོང”གི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་ཚོད་ལྟ་བྱས་པ། སློབ་གྲྭས་འཚང་ཁ་མི་ཐེབས་པའི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་འགོག་སྲུང་ནུས་ལྡན་ཆགས་པར་ལྟ་སྐུལ་བྱས་ཡོད། དེ་དང་ཆབས་ཅིག“སློབ་གྲྭ་རེ་ལ་ཉེན་རྟོག་རླངས་འཁོར་རེའི” ཕྱོགས་གཉིས་འབྲེལ་གཏུག་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས། སློབ་གྲྭའི་ནང“ཨ་ཁུ་ཉེན་རྟོག་པའི་ཡིག་སྒམ”བཟོས་ཏེ། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་འབྲེལ་གཏུག་བྱེད་སྟངས་ཡོངས་བསྒྲགས་བྱས་པ་མ་ཟད། ད་དུང་སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་གི་བསམ་འཆར་དང་གྲོས་འགོ་དང་དེ་བཞིན་སློབ་མའི་བརྙས་བཅོས་གནད་དོན་གྱི་ཁུངས་སྣེ་རྒྱ་ཁྱབ་ངང་བསྡུ་ལེན་ཡང་བྱས་ཡོད། གཞོན་ནུ་ལོ་ཆུང་གི་སེམས་ཁམས་དང་བཅའ་ཁྲིམས་ལ་རྒྱུས་མངའ་ཡོད་པའི་ལས་སྒོའི་རྐང་འཛིན་པ་1682བདམས་ནས་ཁྲིམས་སྐྱོང་གི་སློབ་སྤྱི་གཞོན་པ་དང་ཁྲིམས་སྐྱོང་གི་ཟུར་ཁྲིད་པའི་འགན་འཁུར་དུ་བཅུག་པ་དང་། “སློབ་འགོ་ཚུགས་པའི་སློབ་ཚན་དང་པོ”སྤྱད་དེ་སློབ་གྲྭའི་ནང་བདེ་འཇགས་ཀྱི་རྐྱེན་ངན་འགོག་ཟོན་དང་། བཅའ་ཁྲིམས་ཤེས་བྱ། བརྙས་བཅོས་སྔོན་འགོག ཆུར་ལྷུངས་པ་སྔོན་འགོག་བཅས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་དྲིལ་བསྒྲགས་གཏིང་ཟབ་བྱས་པ། གསོན་ཉམས་དོད་པའི་གྱོད་དཔེར་དབྱེ་ཞིབ་བྱས་ཏེ་སློབ་མའི་ཁྲིམས་ཤེས་པ་དང་། ཁྲིམས་ལ་བཀུར་བ། ཁྲིམས་སྲུང་བ་བཅས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རང་ངོས་འགོག་སྲུང་གི་ནུས་པ་ཆེ་རུ་བཏང་བ་རེད།