གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 09ཚེས་06ཉིན། 15:43】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟླ་9ཚེས་4ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་4ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པ་དང་འཚམས་འདྲིར་ཕེབས་པའི་ལོ་སི་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཐུང་ལུན་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མིག་སྔར་རྒྱལ་སྤྱི་དང་ས་ཁུལ་གྱི་དུས་བབ་ལ་རྙོག་འཛིང་ཆེ་ཞིང་གཏིང་ཟབ་པའི་འགྱུར་ལྡོག་འགྲོ་བཞིན་ཡོད་པས། ཕྱོགས་གཉིས་པོས་ཕུགས་ཀྱི་མིག་རྒྱང་དང་འཐབ་ཇུས་ཀྱི་བསམ་གཞིག་ཐོག་ནས་ཀྲུང་ལོའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཁོང་དུ་ཆུད་པར་བྱས་ཏེ། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་དགོས། ཕྱི་ལོ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་65འཁོར་བ་གོ་སྐབས་སུ་བརྩིས་ནས་ཁྱབ་ཁོངས་ཁག་དབར་གྱི་འགྲོ་འོང་འཆར་འགོད་ཡག་པོ་བྱེད་དགོས། ཀྲུང་གོ་ཕྱོགས་གྱིས་ལོ་སི་ཕྱོགས་དང་ཏང་སྐྱོང་རྒྱལ་སྐྱོང་གི་ཉམས་མྱོང་སྤེལ་རེས་གཏིང་ཟབ་བྱས་ཏེ་ལོ་སི་མི་དམངས་གསར་བརྗེ་ཏང་གི་ཚོགས་ཆེན་བཅུ་གཉིས་པ་གྲ་སྒྲིག་དང་ཡག་པོ་འཚོགས་རྒྱུར་རྒྱབ་སྐྱོར་བྱེད་འདོད་ཡོད། ཀྲུང་ལོའི་ལྕགས་ལམ་གཉེར་སྐྱོང་དང་ལམ་རྒྱུད་གསར་སྤེལ་དམ་འཛིན་བྱ་གཞིར་བྱས་ནས་རྒྱུན་མཐུད་ངང“གསེར་གྱི་བགྲོད་ལམ་ཆེན་པོའི”ཁྱབ་འགྱེད་སྐུལ་ཁྲིད་ཕན་འབྲས་རྒྱུན་མཐུད་རྒྱ་སྐྱེད་བཏང་སྟེ་གཙོ་གནད་རྣམ་གྲངས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས། འགོག་སྲུང་དང་ཁྲིམས་སྒྱུར་བདེ་འཇགས་སོགས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་མཚམས་སྒྲོལ་བའི་རྒྱན་འགྱེད་དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་སོགས་ལ་རྒྱུན་མཐུད་དམ་བསྒྲགས་དང་རྡུང་རྡེག་ཚ་ནན་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་ལོ་སི་འདི་ཉིད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྐད་ཆ་ཤོད་རེས་ཀྱི་རོགས་ཟླར་གྱུར་པར་རྟེན་འབྲེལ་ཞུ་རྒྱུ་དང་། ལོ་སི་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་དང་། ལན་མེ་མཉམ་ལས། ཨེ་ཤེ་ཡ་ཤར་མའི་དབུ་ཚོགས་སོགས་ས་ཁུལ་གྱི་ལམ་སྲོལ་འོག་མཐུན་སྦྱོར་དང་གཞོགས་འདེགས་བྱེད་ཟབ་ཏུ་བཏང་ནས་ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད།
ཐུང་ལུན་གྱིས་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་དང་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་ཕུན་སུམ་ཚོགས་པོའི་ངང་གཉེར་བར་རྟེན་འབྲེལ་ཞུས་པ་དང་ཀྲུང་གོ་ཕྱོགས་ཀྱིས་དུས་ཡུན་རིང་པོའི་ནང་ལོ་སི་ཕྱོགས་ལ་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་མིག་སྔར་ལོ་ཀྲུང་གི་འབྲེལ་བ་དེ་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་གནས་པ་དང་ལོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ཐད་གཡུར་ཟའི་གྲུབ་འབྲས་ཟམ་མི་ཆད་པར་ཐོབ་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་ལོའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལོ་ལྔའི་བྱ་སྤྱོད་འཆར་གཞི་མུ་མཐུད་དོན་འཁྱོལ་ཡག་པོ་བྱེད་པ་དང་། ལོ་ཀྲུང་དཔལ་འབྱོར་བར་ཁྱམས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ལོ་ཀྲུང་ལྕགས་ལམ་གྱི“ས་གནས་གཅིག་ལ་ཞིབ་བཤེར་གཉིས”ཀྱི་གྲོས་མཐུན་དོན་འཁྱོལ་མགྱོགས་མྱུར་བྱས་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་འདོད་ཡོད། ལོ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་ལོ་སི་ཉིད་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྐད་ཆ་ཤོད་རེས་ཀྱི་རོགས་ཟླར་འགྱུར་བར་རྒྱབ་སྐྱོར་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོ་ཕྱོགས་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ཅེས་གསུངས་པ་རེད།