འཚོལ་བཤེར།   
藏文频道
2025ལོའི་ཟླ་9ཚེས་3ཉིན།

༄༅།།ཕྲུ་གུ་གསོ་བའི་སྲིད་ཇུས་འདི་དག་ལ་དོ་སྣང་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 09ཚེས་03ཉིན། 14:52】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     ཕྲུ་གུ་གསོ་བའི་སྲིད་ཇུས་འདི་དག་ལ་དོ་སྣང་བྱེད་དགོས།(ཞབས་ཞུའི་དྲ་མིག)

     ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཀྱིས་སྲིད་ཇུས་མང་པོ་བཏོན་ནས་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་དང་སྐུལ་ལྕག་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་ཉེ་དུས་ཕྲུ་གུ་གསོ་བའི་ཁ་གསབ་དང་། རིན་མེད་སློབ་ཞུགས་གོང་གི་སློབ་གསོ། བུ་བཅོལ་ཞབས་ཞུ་སོགས་ཀྱི་ཐད་ལ་བྱེད་ཐབས་གསར་པ་མང་པོ་བཏོན་ཡོད། དམིགས་ཡུལ་ནི་བུ་བཙའ་དང་གསོ་སྐྱོང་། སློབ་གསོ་སོགས་ཀྱི་མ་རྩ་སྔར་བས་དམའ་རུ་བཏང་སྟེ་བུ་བཙའ་འཚམ་མཐུན་རྣམ་པའི་སྤྱི་ཚོགས་བསྐྲུན་རྒྱུར་སྐུལ་འདེད་གཏོང་ཆེད་རེད།

     “བསྡོམས་རྩིས་”བརྒྱབ་ནས་མི་སྒེར་ལ་ཐད་ཀར་དངུལ་སྤྲོད་རྒྱུ་ཡིན་པ་སྟེ།

     ཕྲུ་གུ་རེ་ལོ་རེར་གསབ་དངུལ་སྒོར་3600སྤྲོད་རྒྱུ་ཡིན་པ། 2025ལོའི་ཟླ་1ཚེས་1ཉིན་ནས་བཟུང་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་དང་མཐུན་པའི་ལོ་གསུམ་མན་གྱི་ཕྲུ་གུར་གསབ་དངུལ་སྤྲོད་རྒྱུ་དང་ལོ་གསུམ་ལ་སླེབས་རག་བར་སྤྲོད་རྒྱུ་ཡིན། ཕྲུ་གུ་གསོ་བའི་ཁ་གསབ་དངུལ་སྤྲོད་ལམ་ནི་དངུལ་ལེན་མཁན་ནམ་ཕྲུ་གུའི་དངུལ་ཁང་བྱང་བུའམ་དངུལ་རྩའི་རྩིས་ཁྲ་གཞན་དག་ཡིན་དགོས་པ་དང་། ཁ་གསབ་རོགས་དངུལ་དེར་མི་སྒེར་གྱི་ཐོབ་ཁྲལ་རྩ་ཆག་གཏོང་རྒྱུ་ཡིན། ཀྲུང་དབྱང་ནོར་སྲིད་ཀྱིས་ཐུན་མོང་ནོར་སྲིད་ཀྱི་དངུལ་སྤྲོད་རྒྱུའི་དངུལ་རྩའི་རྣམ་གྲངས་“ཕྲུ་གུ་གསོ་བའི་ཁ་གསབ་རོགས་དངུལ་ ”བཙུགས་ནས། འདི་ལོར་སྔོན་རྩིས་ལྟར་ན་སྒོར་དུང་ཕྱུར་900ཙམ་བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།

     བུ་བཙའི་རོགས་དངུལ་ཐད་ཀར་མི་སྒེར་ལ་སྤྲོད་རྒྱུ་ཡིན། བུ་བཙའི་རོགས་དངུལ་ནི་ནམ་རྒྱུན་གོ་མྱོང་བའི་“བུ་བཙའི་གླ་ཕོགས་”ཞེས་པ་ཡིན་པ་སྟེ། དེ་ནི་ལས་གནས་ཐོག་གི་བུད་མེད་བུ་བཙའི་གུང་གསེང་དང་ཕྲུ་གུ་སྐྱེ་བའི་གུང་གསེང་དུས་ཚོད་ནང་ལས་གནས་ཐོག་ནས་ཁ་བྲལ་བའི་སྐབས་སྤྲད་པའི་དཔལ་འབྱོར་གྱི་རོགས་སྐྱོར་ཞིག་རེད། མིག་སྔའི་བར་ཞིང་ཆེན་20(ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཚུད་པ་)ལ་བུ་བཙའི་དངུལ་སྒེར་ལ་ཐད་ཀར་སྤྲོད་རྒྱུ་མངོན་འགྱུར་བྱུང་ནས་འགན་བཅོལ་ནང་ཞུགས་མཁན་ལ་བུ་བཙའི་དུས་སུ་དུས་ཐོག་ཏུ་དཔལ་འབྱོར་གྱི་རོགས་སྐྱོར་ཐོབ་པའི་འགན་ལེན་བྱས་པ་རེད།

     “འཐེན་རྩིས་”བྱས་ཏེ་ཁུར་པོ་དེ་དག་སྔར་བས་ཡང་དུ་བཏང་བ།

     སློབ་ཞུགས་གོང་གི་སློབ་གསོ་རིན་མེད་ངང་སྤེལ་རྒྱུ་དེ་2025ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་། གཞུང་བཙུགས་བུ་བཅོལ་ཁང་གི་སློབ་ཞུགས་གོང་གི་ལོ་གཅིག་གི་(བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་གྲས་)བུ་བཅོལ་ཁང་དུ་ཡོད་པའི་བྱིས་པའི་བུ་གསོ་སློབ་གསོའི་གྲོན་དངུལ་རྩ་ཆག་གཏོང་རྒྱུ་ཡིན་པ་དང་། ཆབ་སྲིད་དེ་བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་གྲས་ཀྱི་སློབ་ལོ་ལོན་པའི་བྱིས་པ་ཡོངས་ལ་ཁྱབ་པ་བྱས་ནས་གཞུང་བཙུགས་དང་དམངས་བཙུགས་བུ་བཅོལ་ཁང་ཚང་མས་ལོངས་སུ་སྤྱོད་རྒྱུ་ཡིན་པ་དང་སྔོན་དཔག་བྱས་ན་འདི་ལོའི་སྟོན་དུས་ཀྱི་སློབ་དུས་ནས་བཟུང་མི་ཁྲི་1200ལྷག་ཙམ་ལ་ཕན་པ་ཐོབ་རྒྱུ་རེད།

     སྒེར་ཁྲལ་གྱི་ཆེད་དོན་ཟུར་སྣོན་འཐེན་གཅོག་གི་ཁྱབ་ཁྱོན་དེ་བས་ཆེ་རུ་ཕྱིན་པ།

     ཕྲུ་གུ་གསོ་སྐྱོང་དང་འབྲེལ་བའི་ཆེད་དོན་ཟུར་སྣོན་འཐེན་གཅོག་གི་སྲིད་ཇུས་གཙོ་བོ་ལོ་3མན་གྱི་བྱིས་པར་ལྟ་སྐྱོང་བྱེད་པའི་ཆེད་དོན་ཟུར་སྣོན་འཐེན་གཅོག་དང་ཕྲུ་གུའི་སློབ་གསོའི་ཆེད་དོན་ཟུར་སྣོན་འཐེན་གཅོག་ཡིན་ཞིང་། དེའི་ནང་སྔ་མ་དེ་བྱིས་པ་སྐྱེས་པའི་ཟླ་བ་དེ་ནས་ལོ་3ལ་སླེབས་པའི་ཟླ་བ་སྔོན་མའི་བར་ཡིན་པ་དང་བྱིས་པ་རེར་ཟླ་རེར་སྒོར་2000ཡི་ཚད་གཞིའི་བཅད་གྲངས་འཐེན་གཅོག་བྱེད་ཆོག་པ་དང་། ཕྱི་མ་དེ་སློབ་ཞུགས་གོང་གི་སློབ་གསོ་ནས་ཉིན་གང་ལམ་ལུགས་ཀྱི་སློབ་རྒྱུས་སློབ་གསོ་བར་ཡིན་ཞིང་། དེའི་ནང་ཕྲུ་གུ་བུ་བཅོལ་དང་། སློབ་ཆུང་། དེ་མིན་འབུམ་རབས་པ་སོགས་ཚང་མར་ཕྲུ་གུ་རེར་ཟླ་རེར་སྒོར་2000ཡི་ཚད་གཞིའི་བཅད་གྲངས་འཐེན་གཅོག་བྱ་རྒྱུ་ཡོད་པ་རེད།

     “སྒྱུར་རྩིས”བྱས་ན་ལེ་ལག་ཚང་བའི་ཞབས་ཞུ་དེ་བས་མཛའ་མཐུན་དུ་གྱུར་པ་སྟེ།

     སྒོ་རྩར་ཀུན་ཕན་བུ་བཅོལ་ཁང་གཉེར་རྒྱུར་རྒྱབ་སྐྱོར་བྱས་པ།

     འདི་ལོ་བཀྲམ་པའི་《ཀུན་ཕན་བུ་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》ནང་བུ་བཅོལ་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་ལྟེ་བར་བྱས་ཏེ་བུ་བཅོལ་སྒྲིག་གཞི་དང་། སྡེ་ཁུལ་གྱི་ལྷུ་སྒྲིག་རྣམ་པའི་བུ་བཅོལ། བུ་བཅོལ་ཁང་གི་བུ་བཅོལ། མི་སྤྱོད་ཚན་པའི་བུ་བཅོལ། ཁྱིམ་ཚང་གི་བུ་བཅོལ་ས་ཚིགས་སོགས་དྲ་རྒྱའི་“1+N”བུ་བཅོལ་ཞབས་ཞུའི་མ་ལག་གང་མགྱོགས་བསྐྲུན་རྒྱུ་ཡིན་པ་ཁ་གསལ་བཏོན་པ་དང་། རང་རྒྱལ་གྱི་ཀུན་ཕན་བུ་བཅོལ་ཞབས་ཞུའི་མ་ལག་འཛུགས་སྐྱོང་བྱེད་མྱུར་མགྱོགས་སུ་ཕྱིན་པ་དང་བསྟུན་ནས་བུ་བཙའི་ཁྱིམ་ཚང་དེ་བས་མང་བས་སྟབས་བདེ་དང་། སྤུས་ལེགས། ཁུར་དུ་བཟོད་པ་བཅས་ཀྱི་བུ་བཅོལ་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་རེད།

     བུ་བཙའི་གུང་གསེང་ལམ་ལུགས་འཐུས་ཚང་དུ་བཏང་བ།

     ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་གིས་ཡོངས་ཁྱབ་ངང་ཐོན་སྐྱེད་གུང་གསེང་ཉིན་158དང་དེ་ཡན་བར་རིང་དུ་བཏང་བ་དང་། ཚང་མར་ཉིན་15ཙམ་གྱི་བཟའ་ཚང་སྐྱེས་རོགས་གུང་གསེང་དང་། ཉིན་5ནས་20བར་གྱི་ཕ་མའི་ཕྲུ་གུ་གསོ་བའི་གུང་གསེང་བཙུགས་ཡོད། བྱེད་ཐབས་སྣ་མང་བརྒྱུད་ཁྲིམས་ལུགས་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཐོན་སྐྱེད་གུང་གསེང་དང་། ཕྲུ་གུ་སྐྱེ་བའི་བྱ་དགའི་གུང་གསེང་། སྐྱེས་རོགས་གུང་གསེང་། ཕྲུ་གུ་གསོ་བའི་གུང་གསེང་སོགས་སྐྱེ་བའི་གུང་གསེང་དོན་འཁྱོལ་གནད་ལ་འཁེལ་བ་བྱས་ཡོད།

     གཞན་ཡང་། ཕྲུ་གུ་སྐྱེ་བའི་སྨན་བཅོས་འགན་ལེན་ཆུ་ཚད་མཐོ་རུ་གཏོང་བ་དང་། ཕྲུ་གུ་སྐྱེ་བའི་འགན་བཅོལ་ཁྱབ་ཚད་རྒྱ་ཆེར་གཏོང་བ། དེ་བཞིན་ས་ཆ་ཁག་གཅིག་དུ་ཕྲུ་གུ་མང་བའི་ཁྱིམ་ཚང་གི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་མང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ཀྱིས་ཁྱིམ་ཚང་གི་ཕྲུ་གུ་སྐྱེ་བ་དང་། གསོ་བ། སློབ་གསོ་བཅས་ཀྱི་ཁུར་པོ་སྔར་བས་ཡང་དུ་བཏང་ནས་སྲིད་ཇུས་ཀྱི་ཕན་འབྲས་སྔར་བས་ཚོར་ཐུབ་པ་བྱས་ཡོད།