འཚོལ་བཤེར།   
藏文频道
2025ལོའི་ཟླ་8ཚེས་5ཉིན།

༄༅།།“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་རེད”

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 08ཚེས་05ཉིན། 09:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     འདི་ག་ཚགས་པར་གྱི་གསར་འགོད་པ། ལི་ཧོ། ཚུའེ་ཚན།

     དེང་རབས་ཅན་གྱི་ངོ་བོ་ནི་མིའི་དེང་རབས་ཅན་རེད། ང་ཚོ་ནི་མི་འབོར་ཁྲི་བཅུ་ཕྲག་ཁ་ཤས་དང་། ཁྲི་བརྒྱ་ཕྲག་ཁ་ཤས། ཁྲི་སྟོང་ཕྲག་ཁ་ཤས་བཅས་ཀྱི་དེང་རབས་ཅན་དང་མི་འདྲ་བར་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་དེང་རབས་ཅན་ཞིག་རེད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་ནང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་ལྔའི་ཐད་ཀྱི་ཀྲུང་གོའི་ཁྱད་ཆོས་རྒྱས་བཤད་གཏིང་ཟབ་གནང་བའི་ནང་གི་ཕྱོགས་དང་པོ་ནི“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་རེད”ཅེས་པ་དེ་རེད།

     “ཀྲུང་གོ་མི་དམངས་ཡོངས་ཐུན་མོང་ཐོག་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པ”དེ་ནི་མི་དམངས་ཀྱི་གཙོ་འཛིན་གྱིས་ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་ལ་བཞག་པའི་འགྱུར་མེད་ཀྱི་དམ་བཅའ་ཞིག་རེད་ལ། ལོ་བརྒྱའི་ཏང་ཆེན་པོས་མི་དམངས་གོང་དུ་བཀུར་བའི་རིན་ཐང་དོན་གཉེར་བྱེད་པ་ཞིག་ཀྱང་རེད།

ཆེ་བར་ཡང་ཆེ་བའི་དཀའ་ངལ་ཡོད་པ།

    མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་ལ་འཛམ་གླིང་ཐོག་བཟུང་ས་ཡོད་པའི་སྔོན་དཔེ་མེད་པ་དང་། དཀའ་ཚེགས་རང་བཞིན་དང་རྙོག་འཛིང་རང་བཞིན་སྔར་བྱུང་མྱོང་མེད་པ་ཞིག་ཡིན་པས། འཕེལ་རྒྱས་ཀྱི་ཐབས་ལམ་དང་སྐུལ་འདེད་གཏོང་སྟངས་ལའང་རང་ཉིད་ཀྱི་ཁྱད་ཆོས་ཡོད་ངེས་རེད།

     ད་བར། གོ་ལ་ཧྲིལ་པོར་དེང་རབས་ཅན་མངོན་འགྱུར་ཐུབ་པའི་རྒྱལ་ཁབ་དང་ས་ཁུལ་གྱི་མི་འབོར་དུང་ཕྱུར་10ཙམ་ཟིན་གྱི་ཡོད། ཀྲུང་གོའི་མི་འབོར་དུང་ཕྱུར་14ལྷག་ཙམ་སྤྱི་ཡོངས་ནས་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་དེ། དེང་རབས་ཅན་གྱི་འཛམ་གླིང་གི་མངའ་ཁོངས་ལ་འགྱུར་ལྡོག་མཐར་ཕྱིན་པ་གཏོང་རྒྱུ་རེད།

      མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བ་དང་དེང་རབས་ཅན་རྗེས་ཐོན་ཡིན་པ་ལས་རང་རྒྱལ་གྱི་དེང་རབས་ཅན་མངོན་འགྱུར་བྱེད་པར་ཐོན་ཁུངས་དང་ཁོར་ཡུག་གི་ཚོད་འཛིན་དེ་བས་ཆེ་བ་ཕོག་ངེས་པ་གཏན་དུ་འཁེལ་ཡོད། མི་འབོར་མང་ན་ལས་ཞུགས་དང་། སྡོད་ཁང་། སློབ་གསོ། སྨན་བཅོས། སྤྱི་ཚོགས་འགན་སྲུང་སོགས་གཞི་རྩའི་སྤྱི་པའི་ཞབས་ཞུའི་གནོན་ཤུགས་ཆེ་རུ་ཕྱིན་ནས། དེང་རབས་ཅན་འཛུགས་སྐྲུན་ལ་མཁོ་བའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་གནོན་ཤུགས་ཧ་ཅང་ཆེན་པོ་སྤྲོད་ཀྱི་ཡོད། “གྲུབ་འབྲས་ཆེན་པོ་གང་འདྲ་ཞིག་ཡིན་རུང་མི་འབོར་དུང་ཕྱུར་14ལ་བགོས་ན་ཧ་ཅང་ཆུང་ཆུང་དུ་འགྱུར་སྲིད་པ་དང་། གནད་དོན་ཆུང་ཆུང་གང་འདྲ་ཞིག་ཡིན་རུང་མི་འབོར་དུང་ཕྱུར་14ལ་བསྒྱུར་ན་ཧ་ཅང་ཆེན་པོ་ཞིག་ཏུ་འགྱུར་ངེས་རེད”

     དཀའ་ངལ་ཇི་ལྟར་སེལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཐོག་མཐའ་བར་གསུམ་དུ་རྒྱལ་བབ་ལ་གཞིགས་ནས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཐབས་ཇུས་འགོད་པ། བྱ་བ་སྒྲུབ་པ་བཅས་བྱས་ཏེ། མཐོ་འདོད་ཆེན་པོ་མི་བྱེད་ལ་རྙིང་ཞེན་བག་འཁུམས་ཀྱང་མི་བྱེད་པར་ལོ་རྒྱུས་ཀྱི་ངང་རྒྱུད་རིང་པོ་བྱས་ནས་བརྟན་ཐོག་ཡར་འཕེལ་དང་། གོམ་པ་རིམ་བགྲོད། རྒྱུན་མཐུད་སྐུལ་འདེད་བཅས་མཐའ་འཁྱོངས་བྱེད་དགོས”ཞེས་ཁ་ཕྱོགས་གསལ་སྟོན་གནང་ཡོད།

     ཐོག་མར་རྨོ་ཞིང་མུའུ་དུང་ཕྱུར་18ཀྱི་དམར་ཐིག་ནས་བརྗོད་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ང་ཚོར་ས་ཆ་མི་ཉུང་བ་ཞིག་ཡོད་མོད། འོན་ཀྱང་མི་འབོར་དུང་ཕྱུར་14ཡི་དགོས་མཁོ་དང་བསྡུར་ན་ཐོན་ཁུངས་དེ་དཀོན་པོ་རེད། གྲོང་ཁྱེར་འཛུགས་སྐྲུན་དང་། བཟོ་ལས་གཉེར་བ། སྐྱེ་ཁམས་སྲུང་སྐྱོང་བཅས་ཚང་མར་ས་ཆ་སྤྱོད་དགོས་པས། ངེས་པར་དུ་སྤྱོད་མཁས་པོ་བྱས་ནས་བང་སྒྲིག་སྔོན་དུ་བཀོད་སྒྲིག་བྱེད་དགོས”ཞེས་གསུང་ཚིག་ནན་ཞིང་ཐུགས་ཁུར་ཟབ་མོས་བརྗོད།

      དེ་ནས་སྤྱི་ལེ་ཁྲི་16གི་ལྕགས་ལམ་དྲ་བར་བལྟས་ན། འུར་སྒྲ་གྲགས་པའི་བསྐྱར་དར་རྟགས་ཅན་གྱི་མྱུར་བགྲོད་ལྕགས་ལམ་ཡོད་ལ། སྤ་སེའི་རིན་གོང་དམའ་བ་དང་འབབ་ཚུགས་ཚང་མར་ཁ་འགོག་པའི་སྤྱི་ཕན་རང་བཞིན་གྱི“དལ་བགྲོད་མེ་འཁོར”ཡང་ཡོད། མི་འབོར་གྱི་གཞི་གྲངས་འབོར་ཆེན་གྱི་རྒྱབ་ཏུ་ས་ཁུལ་མི་འདྲ་བ་དང་། ལས་རིགས་མི་འདྲ་བ། ཚོགས་སྤྱི་མི་འདྲ་བ་བཅས་དབར་གྱི་ཁེ་ཕན་ཁྱད་པར་ཅན་དེ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ས་ཁོངས་འཕེལ་རྒྱས་ཀྱི་ཆུ་ཚད་ལ་ཁྱད་པར་ཆེན་པོ་ཡོད་པ་སོགས་ཀྱི་དོན་དངོས་ལ་བསམ་བློ་གཏོང་དགོས”ཞེས་མཛུབ་སྟོན་ཟབ་མོ་གནང་ཡོད།

ཆེ་བར་ཡང་ཆེ་བའི་ལེགས་ཆ་ཡོད།

     མཁོ་སྤྲོད་ངོས་ནས་བལྟས་ན། རང་རྒྱལ་ལ་ངལ་རྩོལ་ནུས་ཤུགས་དུང་ཕྱུར་9ཙམ་ཡོད་པ་དང་། རྩལ་ནུས་ཤེས་ལྡན་པའི་སྤྱི་འབོར་དུང་ཕྱུར་2ལས་བརྒལ་ཡོད། དགོས་མཁོའི་ངོས་ནས་བལྟས་ན། རང་རྒྱལ་ལ་མི་འབོར་དུང་ཕྱུར་14ལྷག་ཙམ་དང་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་དུང་ཕྱུར་4ལྷག་ཙམ་ཡོད། མི་རེའི་ཆ་སྙོམས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཨ་སྒོར་ཁྲི་1.3ལས་བརྒལ་ཡོད།

    མི་འབོར་གྱི་གཞི་ཁྱོན་ཚད་བརྒལ་བྱུང་བ་དེས་མི་འབོར་གྱི་ཁེ་སྤོགས་ཧ་ཅང་ཆེན་པོ་བཏོད་ནས་ངལ་རྩོལ་དང་མི་ཤུགས་མ་རྩ་མང་འདུས་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ཐུབ་པ་མ་ཟད། གཞི་ཁྱོན་ཚད་བརྒལ་གྱི་ཁྲོམ་ར་དང་གྲངས་འབོར་ཚད་བརྒལ་གྱི་དཔལ་འབྱོར་དངོས་ཚན་གྲུབ་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་སྒུལ་ནུས་དེ་བས་ཆེ་རུ་འགྲོ་བ་དང་། གསར་གཏོད་ཀྱི་གསོན་ཤུགས་ཉིན་རེ་བཞིན་འཕེལ་བ། གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པར་དེ་བས་གདེང་ཚོད་ཆེན་པོ་ཡོང་ངེས་རེད།

     མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བ་དེས་རང་རྒྱལ་གྱི་དེང་རབས་ཅན་ནི་ངེས་པར་དུ་ཚད་མཐོའི་རང་ཚུགས་རང་དར་གྱི་དེང་རབས་ཅན་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། “གཞི་ཁྱོན་ཚད་བརྒལ་གྱི་དཔལ་འབྱོར་དངོས་ཚན་ནང་ཁུལ་དུ་འཁོར་རྒྱུག་བྱེད་ཆོག་ལ་ངེས་པར་དུ་བྱེད་དགོས” སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་དགོས”དང་། “འཕེལ་རྒྱས་ཀྱི་བདེ་འཇགས་རང་བཞིན་དང་བརྟན་ལྷིང་རང་བཞིན་ཆེ་རུ་གཏོང་དགོས”“འཕེལ་རྒྱས་ཀྱི་གཙོ་ཁྲིད་དབང་ཆ་ངེས་པར་དུ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས”ཞེས་ནན་བཤད་གནང་ཡོད།

      མིག་སྔར། རང་རྒྱལ་གྱི་མི་འབོར་འཕེལ་རྒྱས་ཐད་ཕྲུ་གུ་ཉུང་བ་དང་། རྒན་རྒོན་མང་བ། ས་ཁོངས་ཀྱི་མི་འབོར་འཕར་ཆག་ཁྱད་པར་ཆེ་བ་བཅས་ཀྱི་འཕེལ་ཕྱོགས་རང་བཞིན་གྱི་ཁྱད་ཆོས་མངོན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མི་འབོར་གྱི་ཁོར་ཡུག་དང་ཆ་རྐྱེན་གསར་པ་འཕྲད་ཡོད།

      “བྱང་ཚད་མཐོ་བ་དང་། སྤྱི་འབོར་ཕུན་སུམ་ཚོགས་པ། གྲུབ་ཆ་ལེགས་པ། ཁྱབ་ཚུལ་ལུགས་དང་མཐུན་པ་བཅས་ཀྱི་དེང་རབས་ཅན་གྱི་མི་ཤུགས་ཐོན་ཁུངས་མགྱོགས་མྱུར་བཏོད་དེ། མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་འདེགས་སྐྱོར་བྱེད་དགོས”ཞེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་ཟབ་ལ་གཟིགས་རྒྱང་རིང་བའི་བཀའ་མོལ་དེས་དུས་རབས་གསར་པའི་མི་འབོར་ལས་དོན་ཡག་པོ་སྒྲུབ་པར་གཞི་རྩའི་བསམ་ཕྱོགས་དང་རྩ་དོན་གལ་ཆེན་གསལ་སྟོན་གནང་ཡོད།

       “མི་ཚོགས་ཡོངས་དང་ཚེ་སྲོག་གི་དུས་འཁོར་ཧྲིལ་པོར་ཁྱབ་པའི་མི་འབོར་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང་བཀོད་ཡོད། “སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ”དང“མི་འབོར་རྒན་རྒོན་ཅན་ལ་ཁ་གཏད་ཧུར་ཐག་གཅོག་པའི་རྒྱལ་ཁབ་ཀྱི་འཐབ་ཇུས་ལག་ལེན་བསྟར་བ”སོགས་གཙོ་གནད་ལས་འགན་རབ་དང་རིམ་པར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ཡོད།

       “མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི”དཀའ་ངལ་ཁྱད་བསད་བྱས་ནས“མི་འབོར་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི”ཕན་ནུས་འདོན་བཞིན་དུ། ད་ཆའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་གྱིས་འཛམ་གླིང་སྐྱེ་བོ་རྣམས་ལ་རང་ངོས་ཀྱི་འཛམ་གླིང་རང་བཞིན་གྱི་ཤུགས་རྐྱེན་གསལ་གསལ་ཐིང་ཐིང་དུ་མངོན་པར་བྱེད་བཞིན་ཡོད་པ་སྟེ།

      ང་ཚོས་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་ཧ་ཅང་ཆེ་བ་དང་། ཤུགས་ཚད་ཆེ་ཤོས། མི་འབོར་ལ་ཕན་པ་ཐོབ་མང་ཤོས་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་བརྒྱབ་ནས་དབུལ་པོ་དབུལ་རྐྱང་ཕྱོགས་ཡོངས་ནས་བསལ་བ་དང་། མི་སྲོག་ཤིང་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་དཔེ་གསར་ཅན་ལ་སྐུལ་འདེད་སྔར་ལས་ལེགས་པར་བཏང་བས་རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་67%ཟིན་པ། འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་སློབ་གསོའི་མ་ལག་དང་། སྤྱི་ཚོགས་འགན་སྲུང་མ་ལག སྨན་བཅོས་འཕྲོད་བསྟེན་མ་ལག་ལ་སོགས་བཙུགས་ཡོད།

      “ཀྲུང་གོར་མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད། མི་དམངས་དུང་ཕྱུར་མང་པོའི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་འདུས་ན་སུས་ཀྱང་འགྲན་ཡ་བྱེད་མི་ཐུབ”ཅེས་སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་སྟོབས་ཆེན་པོས་གསུངས་ཡོད།

      སྤྱི་ཚོགས་ཧྲིལ་པོ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་འགྲོ་ལམ་ཐོག་མི་ཚང་མ་བྱ་བ་སྒྲུབ་མཁན་གཙོ་བོ་ཡིན་པ་དང་འབད་འབུངས་ཕྲན་བུ་བྱས་ཚེ་གྲུབ་འབྲས་ཆེན་པོ་ཐོབ་ངེས་ཡིན་པས། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་གྱིས་མི་ཡུལ་གྱི་ངོ་མཚར་གསར་པ་གཅིག་རྗེས་གཉིས་མཐུད་ངང་གཏོད་ངེས་རེད།