གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་04ཉིན། 14:46】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་ནི་རྒྱལ་ཡོངས་ཀྱི་གསའ་གསོ་སྤེལ་ཞིབ་འཇུག་རྟེན་གཞི་གཅིག་པུ་དེ་རེད། མཚོ་སྔོན་རི་སྐྱེས་སྲོག་ཆགས་གསོ་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཆི་ཤིན་ཀྲང་གིས། རྒྱལ་ནང་དུ་ཡོངས་བསྒྲགས་སུ་གསོ་ཚགས་བྱས་ནས་འགྲེམས་སྟོན་བྱེད་པའི་གསའ་ཧ་ལམ་20ཡོད་པའི་ནང་གསའ་12ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་དུ་ཡོད། མིས་གསོས་པའི་གསའ་3ཕུད་དེ་བྱིངས་ཚང་མ་ཀླུང་ཐང་ནས་བསྐྱབས་པ་ཤ་སྟག་རེད་ཅེས་ངོ་སྤྲོད་བྱས་བྱུང་།
གསའ་ནི་ས་མཐོའི་སྣོད་བཅུད་མ་ལག་ཁྲོད་ཀྱི་ཚབ་མཚོན་རང་བཞིན་གྱི་སྲོག་ཆགས་ཤིག་ཡིན་ཞིང་། འཛིན་ཟོས་ཀྱི་ནུས་པ་ཆེ་ལ་གཏུམ་དྲག་ཤིན་ཏུ་ཆེ་བའི་གཅན་གཟན་གསའ་ལ“གངས་རིའི་རྒྱལ་པོ”ཞེས་བརྗོད་སྲོལ་ཡོད། ཟི་ལིང་གི་མཐའ་འཁོར་ནི་གསའ་ཁྱུ་རྒྱུད་སྤེལ་དང་གནས་སྤོའི་ས་ཁུལ་གལ་ཆེན་ཞིག་རེད། “སྔོ་ལྗང་ཅན་གྱི་ལས་གྲྭ་རྒྱུན་ཆད་མེད་པར་ལག་ལེན་བསྟར་བ་དང་ཆབས་ཅིག སྔོན་ཆད་ཀྱི་རི་རྒོད་ལའང་སྔོ་ལྗང་གོས་ཀྱིས་བཀླུབས་ཡོད”ཅེས་དང་། “ཉེ་བའི་ལོ་ཤང་རིང་། ཟི་ལིང་གྲོང་ཁྱེར་གྱི་མཐའ་འཁོར་དུ་བཀོད་སྒྲིག་བྱས་པའི་དམར་ཕྱིའི་པར་ཆས་ནང་གསའ་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་ཐེངས་མང་བས། སྟོང་སྐོར་རྫོང་དང་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་སོགས་ནས་ཐ་ན་གསའ་ཕྲུག་ཀྱང་པར་དུ་ལེན་པའི་རྩ་ཆེའི་པར་རིས་འདུག”ཅེས་ཆི་ཤིན་ཀྲང་གིས་བཤད།
གཅན་གཟན་གསའ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་ཐོན་ཁུངས་རྩ་ཆེན་ཞིག་ཏུ་ཇི་ལྟར་གྱུར་པ་ཡིན་ནམ། 2024ལོ་ནས་བཟུང་། ཟི་ལིང་གིས་གསའི་རིག་གནས་དང“སྤྱན་གཟིགས་དང་། ཡུལ་སྐོར། ཉོ་སྒྲུབ། སློབ་སྦྱོང་། བདེ་ཐང་། རོལ་རྩེད”བཅས་ཕྱོགས་ཡོངས་མཉམ་འདྲེས་བྱེད་ལམ་འཚོལ་ཞིབ་བྱེད་འགོ་བཙུགས་ཡོད། ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་ལ་བརྟེན་ནས་ཟི་ལིང་གིས་ཞིབ་སློབ་དང་ཡུལ་སྐོར་ཟུང་འབྲེལ་དང་སྐྱེ་ཁམས་དང་ཡུལ་སྐོར་ཟུང་འབྲེལ་སོགས་ཀྱི་སྔོན་མངགས་ལམ་ཐིག་དང་ཐོན་རྫས་ཇུས་འགོད་བྱས་ཡོད་ལ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དུ་སྐྱོད་སའི་ལྟེ་བའི་གྲོང་ཁྱེར་འཛུགས་སྐྲུན་གྱི་དམིགས་ཚད་གཞིར་བཟུང་། ཟི་ལིང་གིས་རང་ཡུལ་གྱི་ཁྱད་ཆོས་ལྡན་པའི་རིག་གནས་གཞི་རྒྱུ་སྔོག་འདོན་གཏིང་ཟབ་བྱས་ཁར། གསའི་གཟུགས་བརྙན་མཚོན་རྟགས་དང་གྲོང་ཁྱེར་IPགཟུགས་བརྙན་ཁྱབ་བསྒྲགས་བྱས་ཏེ“གསའ་གྲོང”གི་གྲོང་ཁྱེར་སྤུས་རྟགས་ཀྱང་བཏོད་ཡོད།
ཟ་ལིང་གི་ཁྲོམ་གཞུང་དུ་འཆམ་འཆམ་ལ་འགྲོ་སྐབས་གསའ་གཟུགས་ཀྱི་རྩེད་ཆས་དང་། ཁུག་མ། སྔས་འབོལ་སོགས་སྣ་ཚོགས་མཐོང་རྒྱུ་ཡོད། ཟི་ལིང་གིས་ད་དུང་གསའ་འཚོལ་བའི་ཡུལ་སྐོར་ཇུས་འགོད་དང་གསའི་སྐྱེ་ཁམས་སྒར་ས་བསྐྲུན་ནས་གསའ་ཡིས་ཚབ་མཚོན་དུ་བྱས་པའི་ས་མཐོའི་སྐྱེ་ཁམས་རིག་གནས་ཀྱི་གསོན་ཉམས་འཕེལ་ཐབས་བྱེད་བཞིན་ཡོད། “ང་ཚོས་གསའ་དང་འབྲེལ་བ་ཡོད་པའི་རིག་གསར་ཐོན་རྫས་ཁག་26ཇུས་འགོད་བྱས་ཡོད། ‘མཛེས་པའི་མཚོ་སྔོན་གྱི་ས་མཐོའི་རྐང་རྩེད་སྤོ་ལོ’དང་། ‘མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན’‘སྟོང་སྐོར་གྱི་ཚོང་འདུས’”སོགས་གཙོ་གནད་རིག་གནས་ཡུལ་སྐོར་བྱེད་སྒོ་སྤེལ་ནས་དཔལ་འབྱོར་གྱི་ཕན་འབྲས་དང་ཐོན་རྫས་ཀྱི་སྐད་གྲགས་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་ཐབས་བྱས་པ་ཡིན”ཞེས་ཟི་ལིང་གྲོང་ཁྱེར་ཏང་ཨུད་དྲིལ་བསྒྲགས་པུའི་ལས་འཛིན་ཁྲེན་ཅིན་ཡུས་ཀྱིས་ངོ་སྤྲོད་བྱས་བྱུང་།