གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 08ཚེས་02ཉིན། 11:51】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཙོའུ་ཏོ་ཝེ། ཅང་མོང་ཁྲེན།
དབྱར་གཞུང་གི་ཉི་མའི་འོད་ཟེར་སྤྲིན་གསེབ་ནས་འཕྲོ་སྐབས་གངས་རིན་པོ་ཆེའི་ངོ་མཚར་མཛེས་པ་གསལ་ལ་མི་གསལ་ཞིག་མཐོང་ཞིང་། མཚོ་མོ་མ་ཕམ་གཡུ་མཚོ་གཡུ་ཡི་མེ་ལོང་ས་ལ་འཕོས་པ་ལྟར་ཤིན་ཏུ་དྭངས་ཤིང་གསལ། ཡངས་པའི་ས་མཐོར་རླངས་འཁོར་བཏང་ནས་ཆུ་ཚོད་4ཙམ་བསྐྱོད་རྗེས་གསར་འགོད་པ་ས་བབ་སྨི་4300ཟིན་པའི་མངའ་རིས་ས་ཁུལ་གྱི་ལྟེ་གནས་སེང་གེ་ཁ་འབབ་གྲོང་རྡལ་དུ་འབྱོར།
གྲོང་རྡལ་གྱི་ལྟེ་བའི་མ་ལམ་བརྒྱུད་དེ་སྐར་མ་5ཙམ་སོང་ན། གཙང་ལ་དཀར་ཆ་དོད་པའི་ཐོག་ཁང་འགྲམ་གྱི་སྒོ་ར་ཞིག་མིག་ལམ་དུ་འཆར། དེའི་ནང་འཛུལ་སྐབས་མཚོ་མོ་ངང་ལྷའི་རྒྱ་ལྕང་སྡོང་རྐང་བཅུ་གྲངས་འགའ་ཤས་སྐྱེ་འཚར་ཡག་པོ་ཡོད་པ་དང་སྒོ་རའི་དཀྱིལ་དུ་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་ཡོད་པ་དེ་ནི་སེང་གེ་ཁ་འབབ་གྲོང་རྡལ་འགག་སྒོ་ལས་ཁུངས་རེད།
སྐྱ་མདོག་གི་གཞུང་ལས་ཐོག་ཁང་དུ་སྐྱོད་སྐབས་གསར་འགོད་པས་ལས་གོས་གྱོན་པའི་འཐབ་ས་དང་པོའི་འགག་སྒོའི་ལས་དོན་པ་དྲུག་མཐོང་བྱུང་། ཁོང་ཚོ་རེ་འགས་སྲིད་ཇུས་བློ་འདྲི་དང་ལེན་དང་ཁྲིམས་ལུགས་ཁྱབ་གདལ་གཏོང་བ་དང་། རེ་འགས་ཡིག་ཆའི་འཆར་ཟིན་འགོད་པ་དང་ནོར་དོན་དོ་དམ་བྱེད་ཀྱི་འདུག
མངའ་རིས་ས་ཁུལ་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་གནས་ཤིང་། ས་ཁམས་དང་གནས་སྟངས་ཀྱི་ཁྱད་ཆོས་སོགས་ཀྱིས་རྐྱེན་པས། སེང་གེ་ཁ་འབབ་འགག་སྒོ་ལས་ཁུངས་ཀྱིས་མངའ་རིས་ས་ཁུལ་ཡོངས་ཀྱི་རྒྱལ་མཚམས་འཛུལ་སྒྲོལ་གྱི་ལྟ་འདོམས་ལས་དོན་གྱི་འགན་འཁུར་གྱི་ཡོད་ཀྱང་། འགག་སྒོ་སྒྲོལ་བའི་ལས་སྒོ་གཉེར་འགན་ཐད་ཀར་འཁུར་གྱི་མེད། མ་གཞི་འགག་སྒོ་གཞན་དང་འདྲ་བར་འདུ་འཛི་ཆེ་བའི་རྣམ་པ་མཐོང་རྒྱུ་མེད་ནའང་འགག་སྒོའི་ལས་དོན་པ་ཚོས་བྲེལ་བརྩོན་ཆེ་བའི་གོམ་སྟབས་ལྷོད་དུ་གཏན་ནས་གཏོང་མྱོང་མེད།
“འཚོ་གནས་དཀའ་ཁུལ”དུ་གནས་པས་སྐྱོ་པོ་དང་ཡུལ་པོ་ཡོད་པ་ནི་ཨ་ཅང་བརྗོད་མེད་ཡིན་པ་དང་ཐ་ན་གསོ་རླུང་འདུས་ཚད་ཀྱང་ཐང་གཤོངས་ས་ཁུལ་གྱི་ཕྱེད་ཀ་ཡང་ཟིན་གྱི་མེད། ད་རེས་བོད་དུ་བཅར་འདྲིར་སྐྱོད་སྐབས་གསར་འགོད་པར་གསོ་རླུང་མི་འདང་བའི་རྐྱེན་གྱིས་མགོ་ཡུ་འཁོར་བ་དང་ཐང་ཆད་པའི་གནས་ཚུལ་ཡང་སེ་འཕྲད་ཡོད། རྒྱལ་ཁབ་ཀྱི་སྒོ་མོ་སྲུང་མཁན་སྲུང་དམག་འདི་དག་ལོ་འཁོར་མོ་འགྲིམ་འགྲུལ་སྟབས་བདེ་མེད་ལ་མི་ཉུང་བའི་ས་ཆ་འདི་བརྟན་སྲུང་བྱས་ནས་སྡོད་དགོས་པ་མཐོང་སྐབས་ལས་ཀའི་བར་གསེང་དུ་གསར་འགོད་པའི་སེམས་སུ“མཐའ་མཚམས་འགག་སྒོའི་འཐབ་ས་དང་པོར་ཡོང་བའི་གདམ་ག་བྱེད་དོན་ག་རེ་ཡིན་ནམ” “ས་མཐོའི་འགག་སྒོ་སྐྲུན་པར་འཕྲད་པའི་འགྲན་སློང་ཆེ་ཤོས་དེ་ག་རེ་ཡིན་ནམ” “ལོ་འཁོར་མོ་འདི་གར་བཅའ་སྲུང་བྱེད་སྐབས་བརྗེད་པར་དཀའ་བའི་དོན་དག་གང་དག་ཡོད་དམ”ཞེས་པ་སོགས་དྲི་བ་བཏོན།
“རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་ལ་ཡོང་ནས་ལེགས་སྐྱེས་འབུལ་དགོས་ངེས་རེད” “དང་ཐོག་གཉིད་ཡག་པོ་མི་ཁུག་པ་སོགས་མ་གོམས་པ་དང་མ་འཕྲོད་པ་བྱུང་། ཡིན་ནའང་འགན་འཁྲི་ཕྲག་ཐོག་ཏུ་བབས་པས་རང་འགན་ཐེག་པ་ཁུར་ལེན་བྱེད་དགོས”ཞེས་པ་སོགས་སྟབས་བདེ་ལ་བབ་ཆགས་པའི་ལན་དེ་དག་མ་གཞི་བསམ་ཡུལ་ལས་འདས་པ་ཞིག་ཡིན་མོད། འོན་ཀྱང་ཁོང་ཚོའི་དམར་སྨུག་ཏུ་གྱུར་པའི་ཤ་རྩི་དང་བློ་རྩ་བརྟན་པའི་མིག་ཟུང་ལས། དྲི་བ་དེ་དག་ལ་ལན་ཞིག་རྙེད་པ་དང་འདྲ་པོ་འདུག
སེང་གེ་ཁ་འབབ་འགག་སྒོའི་ལས་དོན་པ་རིམ་བྱུང་ཚོའི་ངོས་ནས་བརྗོད་ན། ཁོང་ཚོས་ཁྱད་བསད་བྱེད་དགོས་པ་ནི་མཐོ་གྲང་གསོ་རླུང་དཀོན་པ་དང་། གནམ་གཤིས་སྐམ་ཤས་ཆེ་བ། སྨུག་ཕྱིའི་འོད་ཐིག་གི་འགྱེད་འཕྲོ་ཆེ་བ་བཅས་ལས་བྱུང་བའི་རང་བྱུང་གི་འགྲན་སློང་ཁོ་ན་ཙམ་མ་ཡིན་པར། ད་དུང་ནང་མི་མཉམ་འཛོམས་ཉུང་བ་དང་བློ་དཀར་དང་སྲི་ཞུ་གཉིས་མཉམ་དུ་སྒྲུབ་མི་ཐུབ་པའི་བློ་ཕམ་དེ་རེད།
ད་ལོ་ལོ་26ལ་སླེབས་པའི་སྐལ་བཟང་མཐར་ཕྱིན་ནི་བོད་ལྗོངས་ཆབ་མདོ་ནས་ཡིན་ཞིང་། ཁོང་གིས“བོད་ཀྱི་ཤར་ཕྱོགས་ཆབ་མདོ་ནས་ནུབ་ཕྱོགས་མངའ་རིས་དབར་བར་ཐག་སྤྱི་ལེ་2000ཡིས་ཆོད་པ་དང་། ཐད་སྐྱོད་གནམ་གྲུ་མེད་པས་རླངས་འཁོར་ཁོ་ནར་བསྡད་ཚེ་ཉིན་གསུམ་འགོར་གྱི་ཡོད”ཅེས་མྱོང་ཚོར་ཟབ་མོས་བརྗོད།
ལོ་33ལ་སླེབས་པའི་བསྟན་འཛིན་རྣམ་རྒྱལ་གྱི་ཕ་མ་གཉིས་ཉིང་ཁྲིར་ཡོད་པ་དང་། ཆུང་མ་དང་ལོ་4ལ་སླེབས་པའི་ཕྲུ་གུ་ལྷ་སར་ཡོད།
ལོ་52ལ་སླེབས་པའི་ཚེ་རིང་ལྷག་སྒྲོན་གྱི་བཟའ་ཟླ་དང་བུ་ལྷ་སར་ཡོད་པ་དང་། བུ་མོ་ཅང་སུའུ་ཝུའུ་ཞི་རུ་ཡོད།
མཐའ་མཚམས་སུ་བརྟན་སྲུང་བྱེད་སྐབས“ཁྱིམ་ཚང་དང་རྒྱལ་ཁབ”ཅེས་པའི་ཡིག་འབྲུར་དོན་སྙིང་དེ་བས་ཟབ་མོ་ལྡན་ཡོད། ཁོང་ཚོ་མཉམ་འཛོམས་བྱེད་པའི་དུས་ཚོད་ལོ་ལྟར་ལོ་རེའི་འཁོར་ཞག་ཐེངས་རེ་ཕུད་དེ་མིན་གཞུང་དོན་སྒྲུབ་པར་བསྐྱོད་པའི་གོ་སྐབས་དང་བསྟུན་ནས་དུས་ཐུང་ཐུག་འཕྲད་ཡོང་བ་ཙམ་ལས་གོ་སྐབས་གཞན་མེད།
དཀའ་སྤྱད་ཁུར་དུ་བཟོད་ནུས་ན། བྱ་བ་གང་ཡང་དཀའ་བ་མེད། མ་གཞི་གནས་དེར་ལས་ཀ་ལོ་གསུམ་ལས་བྱས་མེད་མོད། འོན་ཀྱང་སྐལ་བཟང་མཐར་ཕྱིན་ལ་རྩལ་ནུས་མང་པོ་ཤེས་པའི་ཚོར་སྣང་བྱུང་ཡོད། “རྒྱབ་ཕྱོགས་མཁོ་སྒྲུབ་དང་། དྲུང་ཡིག བདེ་འཇགས་ཐོན་སྐྱེད་སོགས་ལས་གནས་མང་པོར་སྦྱོང་བརྡར་བྱས་པ་བརྒྱུད། རང་ཉིད་ཀྱི་ཞབས་ཞུའི་འཇོན་ཐང་མངོན་གསལ་དོད་པོས་ཡག་ཏུ་ཕྱིན་ཡོད། ངས་ལོ་ན་གཞོན་པའི་སྐབས་དང་བསྟུན་ནས་སྤྱོད་ཚུལ་བཟང་པོར་བརྟེན་ཏེ་ཉམས་མྱོང་དེ་བས་མང་བ་བསགས་ནས་རང་ཉིད་ཀྱི་འཇོན་ཐང་ཆེ་རུ་གཏོང་གི་ཡིན”ཞེས་ཁོང་གིས་བློ་རྩ་བརྟན་པོས་བརྗོད།
“གཏོགས་ཁོངས་འགག་སྒོ་ལས་ཁུངས་ཡིན་པའི་ངོས་ནས་འགག་སྒོ་མེད་པ་དེ་ནི་ལས་སྒོ་འཕེལ་རྒྱས་ཀྱི་ཞན་ཆ་ཞིག་རེད། འོན་ཀྱང་ང་ཚོས་ད་བར་ལྷོད་གཡེང་གཏན་ནས་གཏོང་མྱོང་མེད། ལོ་དེ་དག་ནང་འགག་སྒོ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་དང་མཉམ་འགུལ་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་པར་བརྟེན་རྩྭ་མདའི་ཀུ་ཤུ་དང་འབྲོང་ཚའི་ཤ་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་རྣམས་ཕྱིར་འཚོང་བྱེད་པར་སྐུལ་ཁྲིད་དང་སྐྱེད་སྲིང་བྱས་པས། སླད་ཕྱིན་ང་ཚོས་ཤུགས་ཚད་དེ་བས་ཆེ་བ་དང་དེ་བས་གནད་ལ་སྨིན་པའི་སྒོ་ནས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཀྱི་ཡིན”ཞེས་བསྟན་འཛིན་རྣམ་རྒྱལ་གྱིས་གསར་འགོད་པར་བརྗོད།
“མཐའ་མཚམས་འགག་སྒོར་དཀའ་སྡུག་ཆེ་ཡང་འཚར་ལོངས་ཡོང་བར་དེ་བས་ཕན་ཐོགས་ཡོད། འགག་སྒོ་ལས་ཁུངས་གང་དུ་ཡིན་ཡང་སེམས་པ་ལྷོད་ལ་ཕབ་ནས་ཁོར་ཡུག་ཡག་ཉེས་ལ་མ་བལྟོས་པར་འགྲན་སློང་ལ་ཁ་གཏད་གཅོག་པ་དང་ཆབས་ཅིག རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་སློབ་སྦྱོང་ཐད་ལྷོད་གཡེང་སྤུ་ཙམ་མི་གཏོང་བར་རང་ཉིད་ལ་ནམ་ཡང་ལས་འབོར་དེ་བས་ཆེ་བའི་ལས་གནས་དང་འཚམ་ཐུབ་པའི་འཇོན་ཐང་ཡོད་པར་བྱེད་དགོས”ཞེས་འགག་སྒོ་ལས་ཁུངས་སུ་ལས་ཀ་ལོ་12བྱས་པའི་ལྷག་པ་བུ་ཁྲིད་ཀྱིས་མྱོང་ཚོར་ཟབ་མོས་བརྗོད།
གྲུབ་འབྲས་ཐོབ་པར་བྱེད་དགོས་ལ། སྤྲོ་སྣང་ཡང་དེ་བས་ཆེ་རུ་གཏོང་དགོས། ད་ཆ་སེང་གེ་ཁ་འབབ་འགག་སྒོ་ལས་ཁུངས་སུ་ཀུན་ཁྱབ་རྣམ་པའི་གསོ་རླུང་བཟོ་ཆས་དང་འོད་ཤུགས་གློག་གཏོང་སྒྲིག་ཆས་ཀྱིས་རྒྱུན་གཏན་གྱི་འཚོ་བར་གཡས་གཞོགས་གཡོན་འདེགས་བྱེད་ཀྱི་ཡོད་ལ། ད་དུང་ཉི་འོད་དྲོད་ཁང་ཆེ་མོ་བསྐྲུན་ནས་དགུན་ཁ་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བར་སྟབས་བདེ་བསྐྲུན་ཡོད། “ལས་བྱེད་པ་རྒན་གྲས་ཚོའི་ལས་ཀའི་ཁོར་ཡུག་དང་བསྡུར་ན་ད་ཆ་ང་ཚོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ཡོད། ད་ཆ་ཉིན་ལྟར་ལས་རོགས་ཚོ་དང་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད་པ་དང་། ཁོང་ཚོ་ནི་ངའི་ནང་མི་དང་འདྲ་བས་སེམས་པ་ཧ་ཅང་སྐྱིད་པོ་འདུག”ཅེས་ཚེ་རིང་ལྷག་སྒྲོན་གྱིས་དྲིན་གཟོའི་བསམ་པ་འཆང་བཞིན་དུ་བརྗོད།
དྭངས་གཙང་ལྷད་མེད་ཀྱི་བརྩེ་བ་དེ་མ་ཡུམ་ཀྲུང་གོར་བཅངས། དེ་ནས་ཐོན་རྩིས་བྱེད་སྐབས་ས་རུབ་གྲབས་ཡོད་པ་དང་། སེང་གེ་ཁ་འབབ་འགག་སྒོ་ལས་ཁུངས་ཀྱི་སྒོ་ར་ཆེ་མོའི་སྒོ་ཁ་ནས་ཕྱིར་ལྟ་བྱེད་སྐབས་ཟ་ཁང་གི་གྱང་སྟེང་གི“བདེ་སྐྱིད་ལྡན་པའི་ཁྱིམ་ཚང”ཞེས་པའི་སྒོ་བྱང་ལས་གསར་འགོད་པར་སེམས་འགུལ་ཚད་མེད་ཐེབས་ཤིང་། སྒོ་རའི་དཀྱིལ་གྱི་རྒྱལ་དར་དེ་ས་མཐོའི་སྔོ་བསངས་ནམ་མཁའི་འོག་ཏུ་དེ་བས་ཀྱང་དམར་མདངས་བཀྲ་བར་གྱུར།