འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་30ཉིན།

༄༅།།ཏུའུ་ཙེར་འདྲི་གཅོད་དང་པོའི་ཐོག་ནས་ཉེས་ཆད་ལོ་15བཅད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་30ཉིན། 14:30】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)

 

     2025ལོའི་ཟླ་7ཚེས་29ཉིན་ལེའོ་ཉིང་ཞིང་ཆེན་ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ནང་སོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་གཞོན་པ་ཟུར་པ་ཏུའུ་ཙེའི་ལྐོག་རྔན་བླངས་པའི་གྱོད་གཞིར་འདྲི་གཅོད་དང་པོ་བྱས་ནས་ལོ་བཅོ་ལྔ་རིང་དུས་བཀག་བཙོན་འཇུག་བྱ་རྒྱུ་དང་དངུལ་ཆད་སྒོར་ཁྲི་800ཡང་གཅོད་རྒྱུའི་ཁྲིམས་ཆད་ཁྱབ་བསྒྲགས་བྱས་པ་རེད། ཏུའུ་ཙེའི་ཉེས་བསགས་ལས་ཐོབ་དངུལ་དང་དེ་བཞིན་དེ་དག་འཕེལ་སྐྱེད་ཀྱི་རྒྱུ་ནོར་ཁྲིམས་ལྟར་འདེད་ལེན་བྱས་ནས་རྒྱལ་མཛོད་དུ་རྩིས་འབུལ་ཞུ་རྒྱུ་ཡིན་པ་རེད།

     འདྲི་བཙད་བྱས་པ་བརྒྱུད། 2002ལོ་ནས་2015ལོའི་བར། ཏུའུ་ཙེས་ནང་སོག་རང་སྐྱོང་ལྗོངས་ཨེར་ཏུའོ་སི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ། གྲོང་ཁྱེར་གྱི་འགོ་འཛིན། གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཐོན་ལེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ནང་སོག་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཐུན་ལེ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་ལས་གནས་ཐོག་གི་སྟབས་བདེ་དང་ལས་གནས་ཀྱི་དབང་ཆ། གོ་གནས་བཅས་ཀྱི་སྟབས་བདེའི་ཆ་རྐྱེན་ལ་བརྟེན་ནས་འབྲེལ་ཡོད་ལས་ཁུངས་དང་སྒེར་ལ་ཁེ་ལས་གཉེར་བ་དང་། ལས་གྲྭ་སྒྲུབ་པ་སོགས་ཀྱི་ཐད་ལ་རོགས་རམ་བྱས་ཏེ་ཁྲིམས་དང་འགལ་ཏེ་རྒྱུ་ནོར་བླངས་པ་ཁྱོན་བསྡོམས་མི་དམངས་ཤོག་སྒོར་ཁྲི་8191ལྷག་ཙམ་ཟིན་པ་རེད།

     ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་བ་ཏུའུ་ཙེའི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་ཉེས་བསགས་སུ་གྲུབ་པ་དང་གྲངས་འབོར་ཧ་ཅང་ཆེ་བས་ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས། ཁོ་པར་གྱོད་གཞིའི་ནང་ལྐོག་རྔན་བླངས་པའི་ཉེས་གསོག་ཁྲོད་ཉེས་གསོག་མ་གྲུབ་པའི་གནས་ཚུལ་ཡོད་པ་དང་། གྱོད་གཞི་དེ་ཐོན་རྗེས་རང་ཉིད་ཀྱི་ཉེས་སྤྱོད་དྲང་པོ་དྲང་གཞག་ངང་ངོས་ལེན་ཞུས་པ་དང་གྱོད་དོན་ཐག་གཅོད་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པའི་དོན་དངོས་མང་ཆེ་བའང་རང་འགུལ་ངང་ངོས་ལེན་ཞུས་ཤིང་། ནག་ཉེས་ངོས་ལེན་དང་གྱོད་བཤགས་བྱས་པ། ཧུར་ཐག་ངང་ལྐོག་རྔན་བླངས་པའི་དངུལ་དང་ཅ་དངོས་དག་དང་དེ་དག་ལས་བྱུང་བའི་འཕེལ་སྐྱེད་རྒྱུ་དངོས་ཚང་མ་འདེད་ལེན་ཐུབ་པས་ཁྲིམས་ལྟར་ཉེས་ཆད་ཡང་མོར་བཅད་ཆོག

     ཤེས་རྟོགས་བྱུང་བ་ལྟར་ན། ཧྲེན་དབྱང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2025ལོའི་ཟླ་5ཚེས་16ཉིན་གྱོད་གཞི་དེ་ཡོངས་བསྒྲགས་ཐོག་ཁྲིམས་རར་འདྲི་གཅོད་བྱས་པ་དང་། ཁྲིམས་རར་འདྲི་གཅོད་བྱེད་རིང་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བསྟན་པ་དང་ཞུ་སྦྱོར་ཕྱི་མ་བ་ཏུའུ་ཙེ་དང་ཁོ་པའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས། ཞུ་གཏུག་དང་དག་འབུད་ཕྱོགས་གཉིས་པོས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་གང་ལེགས་བཤད་པ་དང་ཏུའུ་ཙེས་མཇུག་མཐའི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རའི་ཐོག་ནག་ཉེས་ངོས་ལེན་དང་འགྱོད་བཤགས་ཀྱང་བྱས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། ལས་རིགས་ཁག་གི་མང་ཚོགས་བཅས་མི་སུམ་ཅུ་ལྷག་ཙམ་གྱིས་ཟུར་ཉན་བྱས་པ་རེད།