གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་30ཉིན། 14:12】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། ཚེ་དབང་།)
ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་གནས་ཚུལ་སྤེལ་ཞིང་། 《མཚོ་སྔོན་ཞིང་ཆེན་གྱིས་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་དང་འཛད་རྫས་རྙིང་ཚབ་གསར་བརྗེར་སྐུལ་འདེད་གཏོང་རྒྱུའི་ལག་བསྟར་ཇུས་གཞི》བཀྲམ་ཏེ་ལག་ལེན་བསྟར་བ་ནས་བཟུང་། མ་འཇོག་ལ་སྐུལ་ཁྲིད་ནུས་ལྡན་བྱུང་ལ་མི་མངོན་པའི་འཛད་སྤྱོད་ལ་སྐུལ་སྤེལ་ཡང་ཐེབས་ཡོད། ཁྲལ་འབབ་ཀྱི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་5པ་ནས་2025ལོའི་ཟླ་5པའི་བར“གསར་གཉིས”སྲིད་ཇུས་ལག་ལེན་བསྟར་བ་བརྒྱུད་གཙོ་གནད་ཁྱབ་ཁོངས་ཀྱི་གཉེར་སྐྱོང་བྱེད་པོའི་སྒྲིག་ཆས་གསར་བརྗེས་བྱེད་མགྱོགས་སུ་ཕྱིན་པ་དང་། ཐོན་སྐྱེད་བརྟན་ཐོག་བསྐྱར་འཕར་བྱུང་བ། འཛད་རྫས་རྙིང་ཚབ་གསར་བརྗེས་སྲིད་ཇུས་ལག་ལེན་བསྟར་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ། འཛད་སྤྱོད་ཁྲོམ་རར་ཡིད་ཆེས་བྱེད་ཚད་བརྟན་འཕར་བྱུང་ཡོད།
གཙོ་གནད་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་བརྗེས་ལ་སྐུལ་འདེད་བརྟན་པོ་བཏང་ཞིང་། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཐོག་འཁོད་པའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་5པ་ནས་2025ལོའི་ཟླ་5པ་བར། ཞིང་ཆེན་ཡོངས་ཀྱི་མདོག་ལྡན་ལྕགས་རིགས་དང་ངར་ལྕགས་ལས་རིགས་ཀྱིས་འཕྲུལ་ཆས་ཉོས་པའི་འཛིན་ཤོག་ཐོག་འཁོད་པའི་དངུལ་གྲངས་དུས་མཚུངས་ལས་ལྡབ་2.8དང་92.1%སོ་སོར་འཕར་བ་དང་། ཆ་འཕྲིན་བརྒྱུད་གཏོང་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་དང་དེ་བཞིན་ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱིས་སྒྲིག་ཆས་ཉོས་པའི་འཛིན་ཤོག་ཐོག་འཁོད་པའི་དངུལ་གྲངས་དུས་མཚུངས་ལས་14.9%དང་36.4%སོ་སོར་འཕར་བ། ཞིང་ནགས་འབྲོག་ཉ་བཅས་ལས་རིགས་ཀྱིས་ཞིང་ལས་འཕྲུལ་ཆས་ཉོས་པའི་འཛིན་ཤོག་ཐོག་འཁོད་པའི་དངུལ་གྲངས་དུས་མཚུངས་ལས་10.3%འཕར་བ། འཕྲོད་བསྟེན་དང་སློབ་གསོའི་ལས་རིགས་ཀྱིས་སྨན་བཅོས་དང་སློབ་ཁྲིད་སྒྲིག་ཆས་ཉོས་པའི་འཛིན་ཤོག་ཐོག་འཁོད་པའི་དངུལ་གྲངས་དུས་མཚུངས་ལས་10.7%དང་43.2%སོ་སོར་འཕར་ཡོད།
“གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་བརྗེས”སྲིད་ཇུས་ལག་ལེན་བསྟར་བ་ལས་གཙོ་གནད་ཁྱབ་ཁོངས་ཁག་གིས་སྒྲིག་ཆས་གསར་བརྗེས་དང་ཐོན་སྐྱེད་ལག་རྩལ་སྒྱུར་བཀོད་རིམ་སྤོར་མགྱོགས་པོ་བྱེད་པར་སྐུལ་ཁྲིད་ནུས་ལྡན་བྱུང་སྟེ། འཕེལ་རྒྱས་འགྲོ་རྒྱུར་ཡིད་ཆེས་བྱེད་ཚད་སྔར་བས་ཆེ་རུ་ཕྱིན་ལ་ཐོན་སྐྱེད་གཉེར་སྐྱོང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ཀྱང་ཐེབས་ཤིང་། ལོ་གཅིག་རིང་གོང་གསལ་གཙོ་གནད་ཁྱབ་ཁོངས་ལས་རིགས་ཀྱི་འཛིན་ཤོག་ཐོག་འཁོད་པའི་ཕྱིར་ཚོང་ཡོང་འབབ་དུས་མཚུངས་ལས་4.3%འཕར་བ་དེ་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་9.2མགྱོགས་པ་ཡོད།
འཛད་རྫས་རྙིང་ཚབ་གསར་བརྗེས་སྲིད་ཇུས་ཀྱི་ཕན་འབྲས་མངོན་གསལ་དོད་ཅིང་། གནས་ཐང་འཕར་ཁྲལ་གྱི་འཛིན་ཤོག་ཐོག་འཁོད་པའི་གྲངས་གཞི་ལས་མངོན་པར། 2024ལོའི་ཟླ་5པ་ནས་2025ལོའི་ཟླ་5པའི་བར། ཞིང་ཆེན་ཡོངས་ཀྱི་ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་ཞིང་། འཁྱགས་སྒམ་སོགས་ཉིན་མཁོའི་ཁྱིམ་སྤྱོད་གློག་ཆས་སིལ་ཚོང་ལས་རིགས་དང་བརྙན་འཕྲིན་སོགས་ཁྱིམ་སྤྱོད་ལྟ་ཉན་སྒྲིག་ཆས་སིལ་ཚོང་ལས་རིགས་ཀྱིས་འཛིན་ཤོག་ཐོག་འཁོད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་ལྡབ་1.1དང་36.6%སོ་སོར་འཕར་བ་དང་། ཁྱིམ་སྤྱོད་ཐོན་རྫས་དང་ལྷག་པར་དུ་རིག་ནུས་ཁྱིམ་སྤྱོད་ཐོན་རྫས་འཛད་སྤྱོད་བྱེད་ཤུགས་ཆེ་རུ་ཕྱིན་ཞིང་། ཁྱིམ་ཆས་དང་གཙང་སྦྲའི་ཡོ་བྱད་སིལ་ཚོང་ལས་རིགས་ཀྱིས་འཛིན་ཤོག་ཐོག་འཁོད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་55.4%དང་27.1%སོ་སོ་འཕར་བའི་ནང་གད་རྒྱག་འཕྲུལ་ཆས་སོགས་རིག་ནུས་ཁྱིམ་ཆས་ཀྱི་འཛིན་ཤོག་ཐོག་འཁོད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་ལྡབ་3.9འཕར་བ། རླངས་འཁོར་རྙིང་ཚབ་གསར་བརྗེའི་དགོས་མཁོ་མུ་མཐུད་ཆེ་རུ་ཕྱིན་ཞིང་། ཞིང་ཆེན་ཡོངས་ཀྱི་རླངས་འཁོར་གསར་པ་སིལ་ཚོང་གི་འཛིན་ཤོག་ཐོག་འཁོད་པའི་བྲིན་ཚོང་དངུལ་གྲངས་དུས་མཚུངས་ལས་11.8%འཕར་ཡོད། འཛད་རྫས་རྙིང་ཚབ་གསར་བརྗེས་སྲིད་ཇུས་ལག་ལེན་བསྟར་བ་ལས་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་གྲོང་མིའི་འཛད་སྤྱོད་རིམ་སྤོར་གྱི་དགོས་མཁོ་སྐོང་བའི་ཐད་ཀྱི་ཕན་འབྲས་རིམ་བཞིན་མངོན་པ་དང་། ལོ་གཅིག་རིང་ཞིང་ཆེན་ཡོངས་ཀྱི་སིལ་ཚོང་ལས་རིགས་ཀྱི་འཛིན་ཤོག་ཐོག་འཁོད་པའི་བྲིན་ཚོང་ཡོང་འབབ་དུས་མཚུངས་ལས་4.8%འཕར་རྒྱུར་སྐུལ་ཁྲིད་ཐུབ་པ། ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་འཕར་ཚད་བརྒྱ་ཆའི་གྲངས་9.7ལས་མགྱོགས་པ། དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་པའི“ཤིང་རྟ་འཁོར་ལོ་གསུམ”གྱི་གྲས་ཤིག་ཡིན་པའི་ཆ་ནས། འཛད་སྤྱོད་བྱས་ཏེ་དཔལ་འབྱོར་ནང་ཁུལ་འཁོར་རྒྱུག་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་བྱེད་པའི་སྒུལ་བྱེད་འཕྲུལ་འཁོར་གལ་ཆེན་གྱི་ནུས་པ་རྒྱུན་ཆད་མེད་པར་མངོན་བཞིན་ཡོད།