གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་29ཉིན། 13:33】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་28ཉིན། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཚོང་དོན་ཚོགས་པས་སུའེ་ཏེན་གྱི་སི་ཐོ་ཁོར་མོར་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་བྱས་པ་རེད།
འདི་ནི་སུའེ་ཙེར་གྱི་རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་བ་དང་དབྱིན་ཇིའི་ལུན་ཏུན་གྱི་དཔལ་འབྱོར་ཚོང་དོན་གྲོས་མོལ་དུ་ལུན་ཏུན་གྱི་སྒྲོམ་གཞི་གཏན་འཁེལ་བྱས་རྗེས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཚོང་དོན་གྱི་གནད་དོན་ཐད་སླར་ཡང་ངོ་ཐུག་གྲོས་མོལ་བྱས་པ་རེད། དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དེ་སྲིད་ཇུས་དང་བྱ་སྤྱོད་ཞིབ་ཕྲར་བསྒྱུར་རྒྱུ་དང་། རི་ནེ་ཝའི་དཔལ་འབྱོར་ཚོང་དོན་གྲོས་མོལ་གྱི་ཐུན་མོང་ངོས་འཛིན་དང་ལུན་ཏུན་གྱི་སྒྲོམ་གཞི་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་ལམ་བུ་ཡང་དག་ཐོག་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ་འདི་རེད།
ཚེས་23ཉིན། ཀྲུང་གོ་ཚོང་དོན་པུའུ་ཡི་མགྲིན་ཚབ་པས། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ཟླ་6ཚེས་5ཉིན་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཁ་པར་གཏོང་རེས་ཐོག་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་གཞིར་བཟུང་། ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་གྲོས་མོལ་ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོར་བྱས་ཏེ། ཕན་ཚུན་བརྩི་འཇོག་དང་། ཞི་བདེ་མཉམ་གནས། མཉམ་ལས་མཉམ་རྒྱལ་བཅས་ཀྱི་རྩ་དོན་གཞིར་བཟུང་། ཕན་ཚུན་དོ་ཁུར་བྱེད་པའི་དཔལ་འབྱོར་ཚོང་དོན་གནད་དོན་ཐད་མུ་མཐུད་གྲོས་མོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་སྔ་མ་གཉིས་ཡིན་པའི་ཀྲུང་གོ་དང་ཨ་རིའི་དཔལ་འབྱོར་ཚོང་དོན་འབྲེལ་བ་སྐྱོན་བྲལ་བརྟན་ལྷིང་ཡོང་བར་བྱ་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ་ཡོད་པ་མ་ཟད། གོ་ལ་ཧྲིལ་པོའི་དཔལ་འབྱོར་སླར་གསོ་དང་འཕེལ་རྒྱས་ལ་ཡང་ཤུགས་རྐྱེན་གལ་ཆེན་ཡོད། ད་ཐེངས་ཀྱི་གྲོས་མོལ་ཐོག་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཚོང་དོན་འབྲེལ་བ་འདྲ་མཉམ་ངང་སྐད་ཆ་ཤོད་རེས་དང་གྲོས་མོལ་བྱས་པ་བརྒྱུད་དཔལ་འབྱོར་ཚོང་དོན་གྱི་མི་མཐུན་པའི་ཆ་ཐག་གཅོད་ཡང་དག་བྱེད་པའི་ཁ་ཕྱོགས་སུ་མུ་མཐུད་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ནས་འཛམ་གླིང་དཔལ་འབྱོར་ལ་བརྟན་བརླིང་རང་བཞིན་དང་ངེས་གཏན་རང་བཞིན་ཆེ་རུ་གཏོང་རྒྱུར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ངང་རེ་སྒུག་བྱེད་ཀྱི་ཡོད། ཉེ་ཆར་སུའེ་ཏེན་གྱི་དབུ་བཞུགས་བློན་ཆེན་ཁེ་ལི་སི་ཐེ་སུང་གིས་“(ཀྲུང་གོ་དང་ཨ་རི་)རྒྱལ་ཁབ་གཉིས་པོས་སུའེ་ཏེན་དུ་གྲོས་མོལ་བྱས་ནས་གྲོས་མཐུན་འཇོག་རྒྱུའི་ཚོད་ལྟ་བྱས་པ་དེ་ནི་དགེ་མཚན་ལྡན་པའི་འཕེལ་རིམ་ཞིག་རེད་”ཅེས་བཤད་པ་རེད།