འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་17ཉིན།

༄༅།།ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་དང་། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་བ། ཀྲའོ་ལེ་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་17ཉིན། 14:06】  ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་7ཚེས་14དང་ཚེས་15ཉིན། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

ཟླ་7ཚེས་14དང་ཚེས་15ཉིན། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་གི་གྲོང་ཁྱེར་ལས་དོན་ཚོགས་འདུ་ཟླ་7ཚེས་14དང་ཚེས་15ཉིན་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཆང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཤུའེ་ཞང་། ལི་ཞི་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

     ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པ་ཚུན་གྱི་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་དང་གྲོང་ཁྱེར་ལས་དོན་ལ་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་གནང་བ་མ་ཟད། གྲོང་ཁྱེར་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྤྱིའི་བླང་བྱ་དང་། རྩ་དོན་གལ་ཆེན། གཙོ་གནད་ལས་འགན་བཅས་ཁ་གསལ་བཏོན་གནང་ཡོད། ལི་ཆང་གིས་ཕྱོགས་སྡོམ་གསུང་བཤད་གནང་སྟེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ་གྲོང་ཁྱེར་ལས་དོན་དེ་བས་ཡག་པོ་སྒྲུབ་དགོས་པའི་ཐད་བཀོད་སྒྲིག་ཞིབ་ཚགས་གནང་བ་རེད།

    ཚོགས་འདུའི་ཐོག་གསུངས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་དུས་བབ་གསར་པའི་འོག་གི་རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་ཆོས་ཉིད་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་སྐྲུན་པ་དང་གྲོང་ཁྱེར་ཡག་པོ་སྐྲུན་པ་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས། གྲོང་ཁྱེར་སྐྱེ་ལྡན་ཚེ་སྲོག་མ་ལག་ལ་བརྩིས་ནས་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་མཐའ་འཁྱོངས་བཅས་བྱས་པར་བརྟེན་གྲོང་ཁྱེར་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་མ་ཐེབས་པ་མ་ཟད། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཆུ་ཚད་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་ནུས་པ་དང་འཆར་འགོད་འཛུགས་སྐྲུན་བཅོས་སྐྱོང་གི་ཆུ་ཚད། ལས་གཉེར་དང་གཞིས་ཆགས་ལ་འཕྲོད་པའི་ཆུ་ཚད། ལོ་རྒྱུས་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ཆུ་ཚད། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་བཅས་མཐོ་རུ་ཆེས་ཆེར་ཕྱིན་ཡོད།

     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་གྲོང་ཁྱེར་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་གྲོང་ཁྱེར་གྱི་འདུ་ཤེས་ལག་བསྟར་ནན་ཏན། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་རིགས་དབྱེ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། གསར་གཏོད་དང་། གནས་འཕྲོད། མཛེས་སྡུག མཉེན་ལྡན། ཤེས་དཔལ། རིག་ལྡན་བཅས་ཀྱི་དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་བསྐྲུན་རྒྱུ་དམིགས་ཚད་དུ་བྱེད་པ། གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱེད་པ། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་མཐའ་འཁྱོངས་གཙོ་རྐང་དུ་བྱེད་པ། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་གཏོང་རྒྱུ་དམ་འཛིན་བྱ་གཞི་གལ་ཆེན་དུ་བྱེད་པ། གྲོང་ཁྱེར་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་། ལྗང་མདོག་ཕྱོགས་སྒྱུར། རིག་གནས་རྒྱུན་འཛིན། བཅོས་སྐྱོང་ཕན་ཆེ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། གྲོང་ཁྱེར་བདེ་འཇགས་ཀྱི་མཐའ་ཚད་བརྟན་པོར་སྲུང་བ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པར་བསྐྱོད་རྒྱུ་དེ་ཡིན།

     ཚོགས་འདུའི་ཐོག་གསུངས་དོན། རང་རྒྱལ་གྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་མགྱོགས་མྱུར་འགྲོ་བའི་དུས་སྐབས་ནས་འཕེལ་རྒྱས་བརྟན་པོ་འགྲོ་བའི་དུས་སྐབས་སུ་སྒྱུར་བཞིན་ཡོད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱང་གཞི་ཁྱོན་ཆེན་པོས་འཕེལ་རྒྱས་དང་རྒྱ་སྐྱེད་འགྲོ་བའི་དུས་མཚམས་ནས་གསོག་འབོར་དང་སྤུས་འབྲས་ལེགས་གཉེར་གཙོ་བོར་བྱེད་པའི་དུས་མཚམས་སུ་སྒྱུར་བཞིན་ཡོད། གྲོང་ཁྱེར་གྱི་ལས་དོན་ཐད་དུས་བབ་ཀྱི་འགྱུར་ལྡོག་ལ་སྟངས་འཛིན་གཏིང་ཟབ་དང་རང་འགུལ་ངང་འཚམ་པར་བྱས་ནས། གྲོང་ཁྱེར་འཕེལ་རྒྱས་གཏོང་བའི་འདུ་ཤེས་བསྒྱུར་བ་དང་། མི་རྩ་བར་འཛིན་རྒྱུར་དེ་བས་གཙིགས་ཆེན་བྱེད་དགོས། གྲོང་ཁྱེར་འཕེལ་རྒྱས་ཀྱི་བྱེད་ཐབས་བསྒྱུར་ནས་ལེགས་བསྡུས་ཕན་ཆེར་དེ་བས་གཙིགས་ཆེན་བྱེད་དགོས། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་བསྒྱུར་ནས་ཁྱད་ལྡན་འཕེལ་རྒྱས་ལ་དེ་བས་གཙིགས་ཆེན་བྱེད་དགོས། གྲོང་ཁྱེར་ལས་དོན་གྱི་གཙོ་གནད་བསྒྱུར་ནས་བཅོས་སྐྱོང་ཐད་མ་དངུལ་གཏོང་རྒྱུར་དེ་བས་གཙིགས་ཆེན་བྱེད་དགོས། གྲོང་ཁྱེར་ལས་དོན་གྱི་བྱེད་ཐབས་བསྒྱུར་ནས་སྤྱི་འདོམས་མཐུན་སྦྱོར་ལ་དེ་བས་གཙིགས་ཆེན་བྱེད་དགོས།

     ཚོགས་འདུའི་ཐོག་གྲོང་ཁྱེར་ལས་དོན་ཐད་ཕྱོགས་བདུན་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་སྟེ། གཅིག དེང་རབས་ཅན་གྱི་གྲོང་ཁྱེར་མ་ལག་ལེགས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། མི་འབོར་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་གྲོང་ཁྱེར་གྱི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་རྒྱུར་དམིགས་ནས། ཚོགས་སྒྲིག་རྣམ་པ་དང་དྲ་རྒྱ་ཅན་གྱི་དེང་རབས་ཅན་གྱི་གྲོང་ཁྱེར་ཁྱུ་ཚོགས་དང་གྲོང་ཁྱེར་འཁོར་རྒྱ་འཕེལ་རྒྱས་གཏོང་བ་དང་། རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་ལ་རིགས་དབྱེ་སྐུལ་འདེད་གཏོང་བ། ཞིང་ལས་གཞན་སྒྱུར་མི་འབོར་གྲོང་མི་ཅན་ལ་མུ་མཐུད་སྐུལ་འདེད་གཏོང་བ། གྲོང་ཁྱེར་ཆེ་འབྲིང་ཆུང་གསུམ་དང་གྲོང་རྡལ་ཆུང་གྲས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། གཉིས། གསོན་ཤུགས་ལྡན་པའི་གསར་གཏོད་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། གསར་གཏོད་ཁོར་ཡུག་སྐྱེད་སྲིང་ཞིབ་ཚགས་བྱས་ཏེ་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ཐད་རྒྱུན་ཆད་མེད་པར་ཚད་བརྒལ་ཡོང་བ་བྱེད་དགོས། སྒྱུར་བཅོས་སྒོ་དབྱེར་བརྟེན་ནས་གྲོང་ཁྱེར་གྱི་སྒུལ་ནུས་ཆེ་རུ་གཏོང་བ་དང་སྤུས་ཚད་མཐོན་པོས་གྲོང་ཁྱེར་གསར་སྒྱུར་བྱས་ཏེ་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཁྲོད་དུ་གྲོང་ཁྱེར་གྱི་ལྟེ་བའི་ནུས་པ་འདོན་དགོས། གསུམ། སྐྱིད་སྣང་དོད་ལ་སྟབས་བདེའི་གནས་འཕྲོད་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། མི་འབོར་དང་། ཐོན་ལས། གྲོང་ཁྱེར་དང་གྲོང་རྡལ། འགྲིམ་འགྲུལ་བཅས་གཞི་གཅིག་ཅན་གྱི་འཆར་འགོད་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་གྱི་བར་མཐོངས་གྲུབ་ཆ་ལེགས་སུ་གཏོང་དགོས། ས་ཁང་བདག་ཁོངས་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་པ་མགྱོགས་མྱུར་བཟོས་ནས་གྲོང་ནང་གྲོང་ཚོ་དང་ཉེན་ཡོད་སྡོད་ཁང་རྙིང་པ་སྒྱུར་བཀོད་བྱ་རྒྱུར་སྐུལ་འདེད་བརྟན་པོ་གཏོང་དགོས། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་ནས་དམངས་འཚོའི་མཐའ་ཚད་ལ་དམ་འཛིན་ནན་པོ་བྱེད་དགོས། བཞི། ལྗང་མདོག་ཐཱན་ཉུང་གི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་གི་ཕན་འབྲས་བརྟན་དུ་གཏོང་བ་དང་དེ་བས་ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་གྲོང་ཁྱེར་གྱི་མཁའ་རླུང་ལ་བཅོས་སྐྱོང་དང་། འཐུང་ཆུའི་ཆུ་འགོར་སྲུང་སྐྱོང་། སྦགས་བཙོག་དངོས་པོ་གསར་པར་བཅོས་སྐྱོང་སོགས་ཐད་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་སྦགས་བཙོག་དང་ཐཱན་ཉུང་གཏོང་བྱས་ནས་སྔོ་ལྗང་རྒྱ་སྐྱེད་དང་མཐུན་སྦྱོར་ཕན་ཆེར་སྐུལ་འདེད་བཏང་ནས་གྲོང་ཁྱེར་གྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ནུས་པ་ཆེ་རུ་གཏོང་དགོས། ལྔ། བདེ་འཇགས་དང་བློས་འགེལ་ཆོག་པའི་མཉེན་ལྡན་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཚེ་སྲོག་བདེ་འཇགས་ལས་གྲྭ་བསྐྲུན་རྒྱུར་སྐུལ་འདེད་བཏང་ནས་མདོང་ལམ་རྙིང་པར་སྒྱུར་བཀོད་དང་རིམ་སྤོར་བྱེད་མགྱོགས་སུ་གཏོང་དགོས། ཚད་ལས་བརྒལ་བའི་ཐོག་བརྩེགས་ཁང་པ་མཐོ་པོ་རྒྱག་རྒྱུར་ཚོད་འཛིན་ནན་པོ་བྱས་ནས་སྡོད་ཁང་བདེ་འཇགས་ཀྱི་འགན་སྲུང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གྲོང་ཁྱེར་གྱི་རང་བྱུང་གནོད་འཚེ་འགོག་བཅོས་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་འབྲུབ་འགོག་མ་ལག་དང་འཁྱིལ་ཆུའི་གནོད་སྐྱོན་བཅོས་སྒྲིག་ལ་སྤྱི་འདོམས་བྱེད་དགོས། སྤྱི་ཚོགས་བདེ་འཇགས་ལ་སྤྱི་ཡོངས་ནས་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་སྤྱི་པའི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། དྲུག བཟང་བཀུར་དགེ་ཕྱོགས་ཀྱི་ཤེས་དཔལ་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། ལོ་རྒྱུས་རིག་གནས་ལ་སྲུང་སྐྱོང་དང་རྒྱུན་འཛིན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་ཁྱེར་གྱི་རྣམ་པའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་རིག་གནས་དང་། མི་ཆོས་རིག་གནས་དང་ས་ཁམས། རང་བྱུང་མཛེས་ལྗོངས་བཅས་ལ་སྲུང་སྐྱོང་བྱེད་དགོས། གྲོང་ཁྱེར་རིག་གནས་ཀྱི་འཇམ་ཤུགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་མིའི་ཤེས་དཔལ་བྱང་ཚད་མཐོ་རུ་གཏོང་དགོས། བདུན། སྟབས་བདེ་དང་ནུས་ཆེའི་རིག་ལྡན་གྲོང་ཁྱེར་བསྐྲུན་རྒྱུར་ཤུགས་སྣོན་རྒྱག་དགོས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་། ཁྲིམས་བཞིན་གྲོང་ཁྱེར་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས། གྲོང་ཁྱེར་བཅོས་སྐྱོང་གི་འདུ་ཤེས་དང་། རྣམ་པ། བྱེད་ཐབས་བཅས་གསར་གཏོད། གྲོང་མིའི་ཞབས་ཞུའི་ཐད་སྦྲེལ་ཁ་པར་སོགས་ལམ་སྲོལ་ཡག་པོ་སྤྱོད་པ་བཅས་བྱས་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།

     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྐྲུན་པར་ངེས་པར་དུ་ཏང་གིས་གྲོང་ཁྱེར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། འགོ་ཁྲིད་ཀྱི་སྒྲིག་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་གྱི་སྲིད་ཇུས་ཀྱི་མཐུན་སྦྱོར་རང་བཞིན་ཆེ་རུ་གཏོང་བ་དང་ཕྱོགས་ཁག་གི་ལག་བསྟར་ནུས་པ་ཆེ་རུ་གཏོང་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། ཚན་རིག་དང་མཐུན་པའི་གྲོང་ཁྱེར་འཕེལ་རྒྱས་ཀྱི་གདེང་འཇོག་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་ལས་དོན་དཔུང་ཁག་གི་བྱང་ཚད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་སྒྲུབ་ལས་གཏོད་དང་ཐེག་པ་འཁུར་ལེན་བྱ་རྒྱུར་ལྕག་སྐུལ་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་དམ་པ་དོན་གཉེར་མཐའ་འཁྱོངས་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས།

     ཚོགས་འདུའི་ཐོག་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་སུའི་ཆེད་དུ་གྲོང་ཁྱེར་འཕེལ་རྒྱས་གཏོང་བ་དང་། སུ་ལ་བརྟེན་དགོས་པ་དང་དེ་བཞིན་གྲོང་ཁྱེར་གང་འདྲ་ཞིག་འཛུགས་སྐྲུན་བྱེད་དགོས་པ། གྲོང་ཁྱེར་འཛུགས་སྐྲུན་ཇི་ལྟར་བྱེད་དགོས་པ་སོགས་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་ལ་ཚན་རིག་དང་མཐུན་པའི་ལན་བཏབ་གནང་བ་དེས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གྲོང་ཁྱེར་ལས་དོན་ཡག་པོར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། སློབ་སྦྱོང་དང་གོ་བ་ནན་ཏན་བླངས་ཏེ་དོན་འཁྱོལ་ཇི་མ་ཇི་བཞིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།

     རང་རྒྱལ་གྱི་གྲོང་ཁྱེར་འཕེལ་རྒྱས་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་གཏིང་ཟབ་བྱས་ཏེ་མིག་རྒྱང་དེ་བས་རིང་པོས་གྲོང་ཁྱེར་གྱི་ལས་དོན་ཡག་པོ་སྒྲུབ་དགོས། དེང་རབས་ཅན་གྱི་མི་དམངས་གྲོང་ཁྱེར་སྐྲུན་པའི་དམིགས་ཚད་ངེས་གནས་ལ་སྟངས་འཛིན་གཏིང་ཟབ་བྱས་ཏེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་རང་རྟོགས་ངང་ལག་བསྟར་བྱེད་དགོས། གྲོང་ཁྱེར་གྱི་ནང་རྒྱས་རྣམ་པའི་འཕེལ་རྒྱས་ཀྱི་འཐབ་ཇུས་བླང་ཕྱོགས་ལ་སྟངས་འཛིན་གཏིང་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གྲོང་ཁྱེར་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་དགོས། གྲོང་ཁྱེར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་བའི་ནང་གནས་བླང་བྱར་སྟངས་འཛིན་གཏིང་ཟབ་བྱས་ཏེ་སྒྱུར་བཅོས་གསར་གཏོད་ཀྱི་ལས་དོན་ཆེན་པོ་ཡག་པོ་སྒྲུབ་དགོས། གྲོང་ཁྱེར་ལས་དོན་གྱི་བརྒྱུད་རིམ་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་སྟངས་འཛིན་གཏིང་ཟབ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལས་འགན་དང་བཀོད་སྒྲིག་ཁག་དོན་འཁྱོལ་བྱེད་པའི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

     ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་ཏང་སྲིད་འགན་འཁུར་བློ་མཐུན་གཙོ་བོ་དང་གྲོང་ཁྱེར་ལས་དོན་གྱི་ལས་བགོས་འགན་གཉེར་འགན་འཁུར་བློ་མཐུན་དང་། འཆར་གཞི་ལོགས་བཀོད་ཀྱི་གྲོང་ཁྱེར་དང་། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར། འབྲེལ་ཡོད་ས་ཁུལ་རིམ་པའི་གྲོང་ཁྱེར་བཅས་ཀྱི་ཏང་ཨུད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་འབྲེལ་ཡོད་མི་དམངས་ཚོགས་པ། ཀྲུང་དབྱང་གིས་དོ་དམ་བྱེད་པའི་དངུལ་རྩའི་སྒྲིག་གཞི་དང་། ཁེ་ལས། མཐོ་སློབ་བཅས་ཁག་གཅིག ཀྲུང་དབྱང་དམག་ཨུད་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།