གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་17ཉིན། 14:03】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་7ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱུན་གནས་སྒྲིག་གཞིའི་འགན་འཁུར་བར་མཉམ་སྡེབ་ཐོག་མཇལ་འཕྲད་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་15ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱུན་གནས་སྒྲིག་གཞིའི་འགན་འཁུར་བར་མཉམ་སྡེབ་ཐོག་མཇལ་འཕྲད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་24སོང་རིང་། ཐོག་མཐའ་བར་གསུམ་དུ“ཧྲང་ཧའེ་ཡི་སྙིང་སྟོབས”རྒྱུན་འཁྱོངས་ཀྱིས་རྒྱུན་ཆད་མེད་པར་འཚར་ལོངས་དང་སྟོབས་ཆེར་ཕྱིན་ནས་སྐྱེ་སྟོབས་ཆེན་པོ་མངོན་ཡོད། ཁོངས་མིའི་རྒྱལ་ཁབ་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་སྟེ། དུས་རབས་ཀྱི་རླབས་རྒྱུན་དང་ཕྱོགས་ཁག་གི་དགོས་མཁོ་དང་མཐུན་པའི་ས་ཁོངས་མཉམ་ལས་ཀྱི་འགྲོ་ལམ་བདེ་བླག་ངང་བཏོད་ནས་རྒྱལ་སྤྱིའི་འབྲེལ་བའི་དཔེ་མཚོན་གསར་པ་བཏོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་མཐའ་འཁོར་ཕྱི་འབྲེལ་གྱི་སྔོན་ལ་སྒྲུབ་དགོས་པའི་དོན་དག་ཅིག་ལ་བརྩིས་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་སྟོབས་ཆེར་ཏན་ཏིག་གཏོང་བ་དང་། ས་ཁུལ་གྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་ཡག་པོ་བྱེད་པ། ཁོངས་མིའི་རྒྱལ་ཁབ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ལས་དབང་གཅིག་མཐུན་ཚོགས་པ་དམ་ཟབ་འཛུགས་རྒྱུར་གཞོལ་བཞིན་ཡོད། ན་ནིང་ཟླ་བ་བདུན་པར་ཀྲུང་གོ་ཕྱོགས་ཀྱིས་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཚུན། བྱེད་སྒོ་ཧུར་ཐག་སྤེལ་བ་དང་མཉམ་ལས་ལ་སྐུལ་འདེད་བཏང་ཞིང་། ཕྱོགས་ཁག་གིས་ཐུན་མོང་ཐོག་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་པའི་གོམ་སྟབས་བརྟན་པོ་སྤོས་ཡོད། ད་ལོ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཐེན་ཅིན་དབུ་ཚོགས་འཚོག་རྒྱུ་ཡིན་ཞིང་། ཐེན་ཅིན་དུ་ཁོངས་མིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་མཉམ་འཛོམས་བྱས་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་འཕེལ་རྒྱས་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་མོལ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཁ་ཕྱོགས་ཡང་དག་འཚོལ་བ་དང་ཡིད་ཆེས་བརྟན་དུ་གཏོང་བ་དང་། ལས་ཆོད་ཆེ་བའི་བྱ་སྤྱོད་སྤེལ་བ་དང་བྱས་རྗེས་དེ་བས་འཇོག་པ་བཅས་བྱས་ཏེ་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་པོ་སྣོན་དགོས། གཅིག་ནས་བཙུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་བཅངས་ནས“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དཔལ་འབར་འཁྱེར་མཁན་བྱེད་དགོས་ཤིང་། ཕན་ཚུན་ཡིད་ཆེས་དང་གཉིས་ཕན་དེ་མཉམ་ལས་ཀྱི་རྨང་གཞིར་བྱེད་པ་དང་། འདྲ་མཉམ་དང་གྲོས་མོལ་དེ་མཉམ་གནས་ཀྱི་ཐབས་ལམ་དུ་བྱེད་པ། ཤེས་རིག་སྣ་མང་ལ་བརྩི་འཇོག་བྱས་ནས་ཞི་མཐུན་བསྟུན་མཁས་ལ་སྐུལ་འདེད་གཏོང་བ། ཐུན་མོང་འཕེལ་རྒྱས་དོན་གཉེར་བྱས་ནས་གཉིས་ཁེ་དར་རྒྱས་ཡོང་བ་བཅས་བྱས་ཏེ“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལམ་བུ་མུ་མཐུད་དུ་གསལ་པོར་འཕྲོ་བར་བྱེད་དགོས་པ་དང་། གཉིས་ནས་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་བསློགས་ནས་མཉམ་ལས་ཟབ་ཏུ་གཏོང་བའི་བྱ་སྤྱོད་སྤེལ་མཁན་ཞིག་བྱེད་དགོས་ཤིང་། བདེ་འཇགས་ཀྱི་འཇིགས་སྐུལ་དང་འགྲན་སློང་ལ་ཁ་གཏད་གཅོག་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་ནས་ཞི་བདེ་ལྷིང་འཇགས་ཀྱི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་དགོས་པ་དང་། ཁོངས་མིའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སོགས་ཀྱི་མཉམ་ལས་གྲོས་འགོ་དང་སྦྲེལ་མཐུད་བྱས་ཏེ། སྤུས་ཚད་དེ་བས་མཐོ་བ་དང་དེ་བས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཡོང་བར་བྱས་ནས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་དགོས་པ། མི་སྣ་འགྲོ་འོང་ལ་སྟབས་བདེ་སྐྲུན་པ་དང་དམངས་ཁྲོད་སྤེལ་རེས་ལ་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་ཁག་གི་ཁྱད་ཆོས་མངོན་པའི་མི་ཆོས་རིག་གནས་བྱེད་སྒོ་མང་ཙམ་སྤེལ་ནས་ཕུན་སུམ་ཚོགས་པའི་བསམ་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་སྒུག་ལ་ཨ་ལན་སློག་དགོས། གསུམ་ནས་དུས་རབས་ཀྱི་འགན་འཁྲི་ཁུར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལག་ལེན་པ་ཞིག་བྱེད་དགོས་ཤིང་། བཙན་དབང་དང་དྲག་ཐབས་བཙན་བརྙས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱས་ཏེ་འཛམ་གླིང་སྣེ་མང་ཅན་སྔར་བས་འདྲ་མཉམ་དང་གོ་རིམ་ལྡན་པ་ཡོང་བར་བྱེད་དགོས་པ་དང་། མཉམ་གྲོས་དང་མཉམ་སྐྲུན་མཉམ་སྤྱོད་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དེ་བས་ཀུན་ཕན་དང་ཁོང་ཡངས་ཡོང་བར་བྱེད་དགོས། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དེ་བས་དྲང་གཞག་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་འཛུགས་རྒྱུར་སྐུལ་འདེད་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་ཆེད་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཡིན་པའི་ཝང་དབྱིས། ཀྲུང་གོ་ཕྱོགས་ཀྱིས་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན་ཕྱོགས་ཁག་གི་ལས་དོན་འཕེལ་རིམ་དང་ཐེན་ཅིན་དབུ་ཚོགས་ཀྱི་གྲ་སྒྲིག་གནས་ཚུལ་སྙན་སེང་ཞུས་པ་རེད།
ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས་ཕྱི་ཕྱོགས་ཀྱི་ཚབ་ཞུས་ནས་གཏམ་བཤད་སྤེལ་སྐབས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཕན་ཚུན་ཡིད་ཆེས་དང་། གཉིས་ཕན། འདྲ་མཉམ། གྲོས་མོལ། ཤེས་རིག་སྣ་ཚོགས་ལ་བརྩི་འཇོག ཐུན་མོང་འཕེལ་རྒྱས་དོན་གཉེར་བཅས་ཀྱི“ཧྲང་ཧའེ་ཡི་སྙིང་སྟོབས”མཐའ་འཁྱོངས་བྱས་ནས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མཉམ་ལས་གྲུབ་འབྲས་ཐོབ་པ་དང་རྒྱལ་སྤྱིའི་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལག་ལེན་ཐོག་ནས“ཧྲང་ཧའེ་ཡི་སྙིང་སྟོབས”དེ་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་སྐྱེ་སྟོབས་ཆེན་པོ་ལྡན་པའི་ར་སྤྲོད་ཐུབ་ཡོད། ཀྲུང་གོས་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཚུན། བྱེད་སྒོ་འབོར་ཆེན་སྤེལ་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་བཏང་ཡོད། རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་བྱས་ཏེ། རྒྱལ་སྤྱིའི་སྒྲིག་ལམ་སྔར་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཕྱོགས་ཁག་གིས་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ནས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། ཐེན་ཅིན་དབུ་ཚོགས་ཐུགས་གྲ་ལེགས་འགྲིག་ཡོང་བའི་འགན་ལེན་བྱེད་འདོད་ཡོད་ཅེས་གསུངས་པ་རེད།