འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་17ཉིན།

《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན་བཀོད་པ།

༄༅།།ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་17ཉིན། 14:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་14པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས》ཞེས་པ་བཀོད་ཡོད། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་2012ལོའི་ཟླ་12པ་ནས་2025ལོའི་ཟླ་4པའི་བར་གནང་བའི་འབྲེལ་ཡོད་རྣམ་བཤད་གལ་ཆེན་ནས་དྲངས་པ་ཞིག་རེད།

     རྩོམ་ཡིག་ནང་ནན་བཤད་གནང་དོན། སྒོ་མོ་ཕྱེ་ན་ཡར་རྒྱས་ཡོང་བ་དང་བཀག་སྡོམ་བྱས་ན་རྗེས་ལུས་ཐེབས་ངེས་རེད། ཀྲུང་གོའི་འཕེལ་རྒྱས་ནི་འཛམ་གླིང་དང་ཁ་འབྲལ་ཐབས་མེད་ལ། འཛམ་གླིང་གི་དར་རྒྱས་ཀྱང་ཀྲུང་གོ་དང་ཁ་འབྲལ་ཐབས་མེད། ཕྱི་ཕྱོགས་སྒོ་དབྱེ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ་དང་། ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་བ། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རྒྱལ་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་པའི་ཐབས་མཆོག་གལ་ཆེན་ཞིག་རེད། ཀྲུང་གོའི་སྒོ་དབྱེའི་སྒོ་མོ་རྒྱག་མི་སྲིད་པར་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་ངེས་རེད།

     རྩོམ་ཡིག་ནང་བསྟན་དོན། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་དགོས། སྔོན་ཆད་ཀྱི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ནི་སྒོ་དབྱེའི་ཆ་རྐྱེན་འོག་བྱུང་བ་ཞིག་ཡིན་ལ། འབྱུང་འགྱུར་གྱི་ཀྲུང་གོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བར། ངེས་པར་དུ་སྔར་བས་སྒོ་དབྱེའི་ཆ་རྐྱེན་འོག་སྒྲུབ་དགོས། རྒྱལ་ནང་གི་འཁོར་རྒྱུག་ཆེན་པོར་བརྟེན་ནས་གོ་ལ་ཧྲིལ་པོའི་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོའི་ཡིད་དབང་བཀུག་སྟེ་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་ར་གཉིས་ཀྱི་ཐོན་ཁུངས་རིགས་གཉིས་ཀྱི་མཉམ་འགུལ་ཕན་ནུས་ཆེ་རུ་གཏོང་དགོས། སྒྲིག་ལམ་དང་། སྒྲིག་འདོམས། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་དབྱེ་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཚོང་དོན་སྒྲིག་སྲོལ་དང་རང་འགུལ་ངང་འབྲེལ་མཐུད་བྱེད་པ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱེད་པ་དང་ཕྱི་ཕྱོགས་ལ་མ་འཇོག་བྱེད་པའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་སྐྲུན་དགོས། རང་མོས་ཚོང་དོན་ཚོད་ལྟ་ཁུལ་མཐོར་གཏོང་འཐབ་ཇུས་ལག་བསྟར་བྱས་ཏེ། གསར་གཏོད་རང་བཞིན་དང་འདུས་གྲུབ་རྣམ་པའི་འཚོལ་ཞིབ་ལ་བསྔགས་སྐུལ་བྱས་ནས་སྒོ་དབྱེའི་རིམ་པ་དེ་བས་མཐོ་བ་དང་ཁྱབ་འགྱེད་ནུས་པ་དེ་བས་ཆེ་བའི་སྒྱུར་བཅོས་སྒོ་དབྱེའི་མཐོ་ས་གསར་པ་གཏོད་དགོས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལམ་སྲོལ་འཐུས་སྒོ་ཚང་དུ་དང་སྐུལ་འདེད་གཏོང་དགོས། སྒོ་མོ་ཇི་ཙམ་ཕྱེ་ན་བདེ་འཇགས་ལ་དེ་ཙམ་གྱིས་མཐོང་ཆེན་བྱེད་དགོས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་དེ་ཙམ་གྱིས་སྤྱི་འདོམས་ཡག་པོ་བྱས་ཏེ་རང་ངོས་ཀྱི་འགྲན་རྩོད་ནུས་པ་དང་། སྒོ་དབྱེའི་ལྟ་འདོམས་ནུས་པ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ནུས་པ་བཅས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་དགོས། ཁྲིམས་སྐྱོང་གི་རྨང་གཞིའི་ཐོག་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་ཚད་མཐོ་བའི་སྒོ་དབྱེའི་ཁྲིམས་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས།

     རྩོམ་ཡིག་ནང་བསྟན་དོན། ཕྱི་རྒྱལ་གྱི་མ་དངུལ་སྤྱོད་པའི་ཀྲུང་གོའི་སྲིད་ཇུས་ལ་འགྱུར་བ་མེད་ལ་འགྱུར་བ་ཡང་གཏོང་མི་སྲིད། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་འཛད་སྤྱོད་ཁྲོམ་ར་ཆེ་གྲས་གཉིས་པ་ཡིན་པ་དང་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་ཡོང་འབབ་འབྲིང་གྲས་ཀྱི་ཚོགས་སྤྱི་ཡོད་པར་མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་པ་དང་། ཕྱི་རྒྱལ་གྱི་མ་དངུལ་བེད་སྤྱོད་བྱེད་པའི་ཁྲིམས་སྲོལ་སྲིད་ཇུས་མ་ལག་དང་ལས་ཀའི་མ་ལག་ཅུང་འཐུས་སྒོ་ཚང་པོ་ཞིག་ཆགས་པ། དུས་ཡུན་རིང་པོར་ཆབ་སྲིད་ཀྱི་གནས་བབ་བརྟན་ལྷིང་དང་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་ནི་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་བདེ་འཇགས་ལྡན་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཤིག་རེད། ཀྲུང་གོ་ནི་སྔོན་ཆད་དང་ད་ལྟ་ཡིན་ནའང་འདྲ། ཡང་ན་འབྱུང་འགྱུར་གང་ཞིག་ཡིན་ཡང་ཕྱི་རྒྱལ་གྱི་ཚོང་པའི་ཕུགས་བསམ་དང་། བདེ་འཇགས། ནུས་ལྡན་བཅས་ཀྱི་མ་འཇོག་བྱ་ཡུལ་ཞིག་ཡིན་ངེས་རེད། ཀྲུང་གོ་དང་མཉམ་དུ་སྐྱོད་པ་ནི་གོ་སྐབས་གཅིག་མཚུངས་ཐོབ་པ་ཞིག་དང་། ཀྲུང་གོར་ཡིད་ཆེས་བྱེད་པ་ནི་འབྱུང་འགྱུར་ལ་ཡིད་ཆེས་བྱེད་པ་ཞིག ཀྲུང་གོར་མ་འཇོག་བྱེད་པ་ནི་འབྱུང་འགྱུར་ལ་མ་འཇོག་བྱེད་པ་ཞིག་བཅས་ཡིན།

     རྩོམ་ཡིག་ནང་དཔལ་འབྱོར་གོ་ལ་ཅན་ནི་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་ཕྱི་རོལ་ཡུལ་གྱི་བླང་བྱ་དང་ཚན་རྩལ་ཡར་ཐོན་ཡོང་བའི་ལྡོག་མེད་ཀྱི་འབྲས་བུ་ཞིག་ཡིན་པས། འཛམ་གླིང་གི་དཔལ་འབྱོར་འཕར་བར་སྒུལ་ཤུགས་ཤུགས་ཆེན་བཏོན་པ་དང་། ཚོང་ཟོག་དང་མ་རྩ་འཁོར་རྒྱུག་དང་། ཚན་རྩལ་དང་ཤེས་དཔལ་ཡར་ཐོན། རྒྱལ་ཁབ་ཁག་གི་མི་དམངས་འགྲོ་འོང་བཅས་ལ་སྐུལ་འདེད་བཏང་ཡོད། མིག་སྔར། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ཛ་དྲག་ཏུ་ཕྱིན་པ་དང་། ཕྱོགས་མང་རིང་ལུགས་དང་རང་མོས་ཚོང་དོན་ལ་འགྲན་སློང་དྲག་པོ་འཕྲད་ཡོད། ཀྲུང་གོས་དཔལ་འབྱོར་གོ་ལ་ཅན་གྱི་ཡང་དག་པའི་ཁ་ཕྱོགས་མཐའ་འཁྱོངས་ཀྱིས་ཚོང་དོན་དང་མ་འཇོག་རང་མོས་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ་དང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་དང་། “འགོག་ར་རྩིག་པ”དང“འབྲེལ་རྒྱུན་གཅོད་པར”ངོ་རྒོལ། ཕྱོགས་རྐྱང་བཀག་སྡོམ་དང་གནོན་ཤུགས་མཐིལ་སྤྲོད་ལ་ངོ་རྒོལ་བཅས་བྱེད་ཀྱི་ཡོད། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་ཀྱིས་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཅན་ལ་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ནས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།