གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་15ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་7ཚེས་14ཉིན་གྱི་ཕྱི་དྲོར། རྒྱལ་སྲུང་པུའི་གསར་འགྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྒྱལ་སྲུང་པུའི་གསར་འགྱུར་མགྲིན་ཚབ་པ་ཏ་ཞོ་དམག་དཔོན་ཅང་པིན་གྱིས་ཉེ་དུས་དམག་དོན་དང་འབྲེལ་བ་ཡོད་པའི་གནད་དོན་སྐོར་གྱི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་རེད།
གསར་འགོད་པ། གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་ཆར་ཐའེ་ཝན་གྱི་འགོག་སྲུང་སྡེ་ཁག་གི་འགན་འཁུར་མཁན་གྱིས“ཧེ་མ་སི”སྦུག་མང་མེ་ཤུགས་འཕུར་མདེལ་ཐོག་མ་དེ་དམག་ལ་སྤྱད་པ་དེས་ཐའེ་ཝན་དམག་དཔུང་གི་གནད་ལ་འཁེལ་བའི་རྡུང་རྡེག་ནུས་པ་དང་། ཁྱོན་ཡོངས་ཀྱི་འགོག་སྲུང་ཕན་ནུས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད་ཅེས་བཤད་པ་རེད། གཞན་ཡང་། ཐའེ་ཝན་གྱི་འགོག་སྲུང་སྡེ་ཁག་གིས་ཨ་རི་ནས་M109A7རང་འགུལ་འབར་མདེལ་མེ་སྒྱོགས་168ཉོ་སྒྲུབ་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད། མགྲིན་ཚབ་པར་དེའི་ཐད་དཔྱད་གཏམ་ཅི་ཞིག་ཡོད།
ཅང་པིན། དམངས་གཙོ་ཡར་སྐུལ་ཏང་དབང་འཛིན་ལས་ཁུངས་ཀྱིས“ཨ་རིར་བརྟེན་ནས་རང་བཙན་དོན་གཉེར་བྱེད་པའི”རེ་ངན་བཅངས་ཤིང་“ཨ་རིར་ངོ་དགའ་བྱས་ནས་ཐའེ་ཝན་བཙོང་བ”བྱས་ཏེ། ཐའེ་ཝན་དམངས་ཚོགས་ཀྱི་རྔུལ་ཁྲག་གིས་བསགས་པའི་དངུལ་སྤྱད་དེ་ཨ་རིར་སྲུང་སྐྱོབ་གྲོན་དངུལ་སྤྲད་པ་དང་། ཨ་རིས་བཟོས་པའི་མཚོན་ཆ་སྤྱད་ནས་རང་ཉིད་ཀྱི་བློ་སྟོབས་ཆེ་རུ་གཏོང་བ་དེ་ནི་རྩིས་རྒྱག་ནོར་སོང་བ་དང་། རང་གཞན་གཉིས་ཀ་མགོ་སྐོར་གཏོང་བ་ཞིག་རེད། “དྲག་ཤུགས་ལ་བརྟེན་ནས་གཅིག་གྱུར་བཀག་འགོག་བྱེད་པ་”ལ་ཐར་ལམ་མེད་པ་དང་། “ཐའེ་ཝན་རང་བཙན་”དྲག་ཆས་ཀྱིས་སྒོ་ངས་རྡོ་ལ་རྒྱག་པ་དང་འཁྲུག་སློང་བྱས་ནས་དམག་འཁྲུག་སློང་རྩིས་བྱས་ན། མཐར་རང་རུས་ཧྲུག་ཧྲུག་ཏུ་གྱུར་ནས་རྩ་བརླག་ཏུ་ཆགས་འགྲོ།