འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་15ཉིན།

༄༅།།གོམས་གཤིས་འདི་དག་གིས་གློ་བུར་དུ་ཤི་རུ་འཇུག་སྲིད། 

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་15ཉིན། 14:03】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

■ ཟ་ཆེ་བ་དང་ཆོས་ཉིད་མིན་པའི་བཟའ་བཏུང་།

ཟ་འཐུང་མང་དྲགས་ན་ཕོ་རྒྱུ་ཡི་ཁུར་པོ་ལྕི་རུ་འགྲོ་བ་དང་། སྙིང་ཁམས་ཀྱིས་ཀྱང་ཚད་ལས་བརྒལ་ནས་ལས་ཀ་མི་བྱེད་ཐབས་མེད་དུ་གྱུར་ནས་སྙིང་ཤ་ལ་ཁྲག་གིས་མི་འདང་རྒྱུ་བྱུང་སླ་བ་རེད།

སྣུམ་བཙོས་ཟས་རིགས་ནང་དུ་སྣུམ་ཚིལ་འབོར་ཆེན་འདུས་པས། ཁྲག་ཚིལ་གྱི་ཆུ་ཚད་ཇེ་མཐོར་འགྲོ་བ་དང་། འཕར་རྩའི་ཁྲ་ཐིག་དང་ཁྲག་རེང་དང་ཐ་ན་སྙིང་ཤ་ཁེགས་ཤི་འབྱུང་སྲིད།

ཆང་འཐུང་རྒྱུ་མང་དྲགས་ཚེ་སྙིང་གི་འཕར་ཚད་ཇེ་མགྱོགས་སུ་འགྲོ་བ་དང་། ཁྲག་ཤེད་ཇེ་མཐོར་འགྲོ་བས་སྙིང་འགྲོས་འཁྲུག་ཏུ་འཇུག་སྲིད།

ཤ་རྒྱགས་པ་ཆགས་ཚེ་པྲོག་དབྱིབས་འཕར་རྩའི་རང་བཞིན་གྱི་སྙིང་ནད་ཀྱི་ཉེན་ཁ་མངོན་གསལ་གྱིས་ཇེ་མཐོར་གྱུར་འགྲོ། རྗེས་མ་དེ་ནི་ཏག་ཏག་གློ་བུར་དུ་ཤི་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།

■ བཤང་གཅི་གཏོང་ཤུགས་ཆེ་དྲགས་པ།

བཤང་གཅི་ཤུགས་ཀྱིས་གཏོང་སྐབས་གསུས་པའི་གནོན་ཤུགས་གློ་བུར་དུ་ཇེ་མཐོར་འགྲོ་བས། ཁྲག་ཤེད་མགྱོགས་མྱུར་ཇེ་མཐོར་འགྲོ་བ་དང་། སྙིང་ཁམས་ཀྱི་ཁུར་པོ་ཇེ་ལྕི་རུ་འགྲོ་བས། སྙིང་གཟེར་དང་སྙིང་ཤ་ཁེགས་ཤི་འབྱུང་བའམ་ཡང་ན་སྙིང་འགྲོས་འཁྲུག་ཏུ་འཇུག་སྲིད།

■ གནོན་ཤུགས་ཆེ་དྲགས་པ།

དུས་ཡུན་རིང་བོར་ལས་སྣོན་བྱེད་པའམ་ཡང་ན་བྲེལ་འཚུབ་དང་སྤྲོ་བ་འཕེལ་བའི་རྣམ་པར་གནས་ཚེ། ཚོར་འགྲིམ་དབང་རྩ་མུ་མཐུད་ངར་ཤུགས་རྒྱས་སུ་འཇུག་པ་དང་། ཁྲག་རྩའི་གྲུང་གཤིས་དངོས་རྫས་འབོར་ཆེན་ཟགས་ཐོན་བྱེད་པ་སྟེ། ཁྲག་རྩ་འཁུམ་བསྡུ་དང་ཁྲག་ཤེད་ཇེ་མཐོར་འགྲོ་བས། སྙིང་དང་ཁྲག་རྩ་ཚང་མར་གནོད་འཚེ་ཐེབས་སླ་བ་དང་། སྙིང་འགག་གི་ཉེན་ཁ་ཡང་ཇེ་ཆེར་འགྲོ་སྲིད།

■ དུས་ཡུན་རིང་པོར་དྲོད་ཚད་མཐོན་པོའི་ཆུ་རུ་གཟུགས་པོ་འཁྲུ་བ།

ཆུའི་དྲོད་ཚད་མཐོ་དྲགས་ན་ཁྲག་གི་འཁོར་རྒྱུག་ཇེ་མགྱོགས་སུ་གྱུར་ནས་སྙིང་གི་འཕར་ཚད་རྒྱུན་ལྡན་མིན་པ་འབྱུང་སྲིད། ཁྲུས་བྱེད་པའི་དུས་ཚོད་རིང་དྲགས་པ་དང་ཁོར་ཡུག་དམ་པོ་ཡིན་པས་ཀྱང་བྲང་ཁོག་མི་བདེ་བ་དང་དངངས་སྐྲག་སྐྱེ་བ་སོགས་མི་བདེ་བ་འབྱུང་སྲིད། ཆུའི་དྲོད་ཚད་35-38℃བར་ཚོད་འཛིན་བྱེད་དགོས་པ་དང་དུས་ཚོད་སྐར་མ་20ལས་མ་བརྒལ་ན་བཟང་། ལྷག་པར་དུ་རྒན་རྒོན་གྱིས་ཁྲུས་བྱེད་སྐབས་རོགས་པ་བྱེད་མཁན་ཡོད་ན་ཡག་ཤོས་རེད།

■ འགུལ་སྐྱོད་དྲག་པོ།

འགུལ་སྐྱོད་དྲག་པོ་བྱས་ན་ཁྲག་ཤེད་གློ་བུར་དུ་ཇེ་མཐོར་འགྲོ་བ་དང་སྙིང་གི་འཕར་ཚད་མགྱོགས་དྲགས་པ། སྙིང་ཤ་ལ་ཁྲག་མཁོ་འདོན་མི་འདང་བ་བཅས་བྱུང་སྲིད་པས་སྙིང་ཤ་ཁེགས་ཤི་སློང་སྲིད། དར་མ་དང་རྒན་རྒོན་ལ་མཚོན་ན། ཞི་འཇམ་གྱི་དབྱང་ལྡན་འགུལ་སྐྱོད་འདེམས་དགོས། དཔེར་ན་གོམ་བགྲོད་དང་དལ་རྒྱུག་སོགས་འདེམས་དགོས། དུས་ཚོད་ཆུ་ཚོད་གཅིག་ལས་བརྒལ་ན་མི་འཚམ། གལ་ཏེ་བྲང་ཁོག་མི་བདེ་བ་དང་དབུགས་ཐུང་བ་སོགས་མི་བདེ་བ་བྱུང་ན། འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད་ངལ་གསོ་བྱེད་དགོས།

■ ཐལ་དྲགས་པའི་སེམས་ཁམས།

སེམས་སྡུག་ཆེ་བའམ་ཁོང་ཁྲོ་ལངས་སྐབས། བྲང་ན་བ་དང་། དབུགས་ཐུང་བ། བྲང་ཁོག་མི་བདེ་བ་སོགས་ཀྱི་ནད་རྟགས་འབྱུང་སྟེ། སྙིང་གི་བདེ་ཐང་ལ་ཉེན་ཁ་འབྱུང་སྲིད།

■ ཡུན་རིང་བསྡད་ནས་མི་འགུལ་བ།

དུས་ཡུན་རིང་པོར་ཅོག་ཙེའི་འགྲམ་དུ་སྡོད་པའམ་བརྙན་འཕྲིན་དང་ལག་ཐོགས་ཁ་པར་ལ་བལྟས་ན། ཁྲག་གི་འཁོར་རྒྱུག་ཇེ་དལ་དུ་སོང་ནས་ཁྲག་རེང་ཆགས་སྲིད། གལ་ཏེ་ཁྲག་རེང་ཟགས་ནས་ཀླད་པ་དང་སྙིང་དང་གློ་བའི་ཁྲག་རྩ་འགག་ཚེ་གློ་བུར་དུ་ཤི་རུ་འཇུག་སྲིད།