འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་15ཉིན།

༄༅།།ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་གོམ་སྟབས་བརྟན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་15ཉིན། 14:00】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

   ཉིན་གུང་ཧྲན་ཏུང་དབྱི་ནན་རྫོང་ཐུང་ཅིང་གྲོང་རྡལ་ཀྲུའུ་ཆོན་གྲོང་ཚོ་འཁྲུག་ཆ་ཤིན་ཏུ་དོད།

    ཉེ་འགྲམ་གྱི་དམངས་སྲོལ་གནས་ཚང་ཞིག་གི་སྒོ་རའི་ནང་གྲོང་མི་ཏའེ་ལི་ཁུན་གྱིས་སྐུ་མགྲོན་ལ་ཇ་བླུགས་པ་དང་སྦྲགས“ཡུལ་སྐོར་བ་མང་དུས་སུ་མི་མང་པོ་ཡོང་གི་ཡོད་པས་ཕྱིར་གླ་པར་སྐྱོད་པ་ལས་ཡོང་འབབ་མང་བ་འདུག གཙོ་བོ་ནི་ཁྱིམ་དུ་སྡོད་རྒྱུ་ཡོད་ལ་ཕྲུ་གུར་ལྟ་རྟོག་ཀྱང་བྱེད་ཐུབ་པས་འཚོ་བ་དོན་སྙིང་ལྡན་པ་ཞིག་འདུག”ཅེས་བཤད། གྲོང་མི་ཚོས་སྲོལ་རྒྱུན་གྱི་ལག་རྩལ་ལ་བརྟེན་ནས་བཟོས་པའི་སླེ་པོ་དང་། སྨྱུག་རྩ་སྐམ་པོ། བསྙལ་ཚལ་བཅས་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད།

    འགྲུལ་རྒྱུན་དང་། ཟོག་འགྲུལ། མ་དངུལ་རྒྱུན་བཅས་དབྱི་མོང་རི་ཁུལ་གྱི་གྲོང་ཚོ་དེར་འདུས་ཡོད། ཐོན་ལས་དར་བ་དང་ཡོང་འབབ་བྱུང་བ་ལས་གྲོང་མི་མི་རེའི་ལོའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་4བར་འཕར་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམ་འཛིན་དངོས་སྒྲུབ་དང་སྙིང་རུས་གཏན་འཁྱོངས་བྱས་ཏེ་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཞིང་ལས་ཀྱི་རྨང་གཞི་སྔར་བས་བརྟན་པ་དང་། གྲོང་གསེབ་ས་ཁུལ་དེ་བས་དར་རྒྱས། ཞིང་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་པ་བཅས་ཡོང་བར་སྐུལ་འདེད་བཏང་ནས་ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་དམིགས་ཚད་ཕྱོགས་སུ་ཏན་ཏིག་སྐྱོད་དགོས”ཞེས་ནན་བཤད་གནང་ཡོད།

    རང་རྒྱལ་གྱིས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཞིང་ལས་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ལོ་མང་བསྟུད་མར་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་མགྱོགས་པ་ཡོད་པ། ཡངས་ཤིང་རྒྱ་ཆེ་བའི་གྲོང་གསེབ་དར་རྒྱས་གོང་འཕེལ་གྱི་རྣམ་པ་གསར་པ་མངོན་པ། ཞིང་ལས་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་གོམ་སྟབས་བརྟན་དུ་འགྲོ་བཞིན་ཡོད་པ་རེད།

     རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཟླ་7ཚེས་10ཉིན་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོ་རྒྱལ་ཡོངས་ཀྱི་དབྱར་འབྲུ་ཐོན་ཚད་བསྡོམས་འབོར་རྒྱ་མ་དུང་ཕྱུར་2994.8ཟིན་ཏེ་ཐོན་འབབ་བརྟན་ལ་ལོ་ལེགས་བྱུང་ནས་ལོ་འཁོར་མོའི་འབྲུ་རིགས་ཐོན་སྐྱེད་ཡོང་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།

    དེང་རབས་ཞིང་ལས་ལ་ལོ་ལེགས་བྱུང་ནས་འབྲུ་རིགས་བདེ་འཇགས་ཀྱི་རིམ་པ་སྔར་བས་མཐོ་བའི་ཕྱོགས་སུ་རྒྱུན་མཐུད་རིམ་སྤོར་བྱུང་བ།

    ད་ལོ་གྲོ་བསྡུ་སྐབས་ཧྲན་ཏུང་པོ་ཤིན་རྫོང་ཕང་ཅ་གྲོང་རྡལ་གྱི་གྲོ་ཞིང་མུའུ་ཁྲི་1.2གཟའ་འཁོར་གཅིག་ཀྱང་མ་འགོར་བར་བསྡུས་ཟིན་པ་རེད། གྲོང་རྡལ་གྱིས་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་དང་མཉམ་འབྲེལ་ཁང་བཙུགས་ནས་བརྔ་བསྡུ་འཕྲུལ་འཁོར་35གཅིག་གྱུར་ཐོག་བཀོད་གཏོང་བྱས་པ་རེད།

    ཕང་ཅ་གྲོང་རྡལ་ཀྲང་ཀྲོང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལིའུ་ཅན་པོས“མཉམ་འབྲེལ་ཁང་དང་མཉམ་དུ་གྲོང་ཚོ་ཡོངས་ཀྱི་རྨོ་ཞིང་མུའུ་800ལྷག་ཙམ་གཅིག་གྱུར་ཐོག་འདེབས་འཛུགས་དང་། གཡོག་བྱེད། རྔ་བསྡུ་བཅས་བྱས་ནས་ལེགས་སྒྲིག་བསྐྱར་མ་བྱས་པ་བརྒྱུད་རྒྱ་ཁྱོན་བཅུ་ཆ་གཅིག་ལྷག་ཙམ་གཙང་འཕར་བྱུང་ཡོད། ཚང་མར་མུའུ་རེ་ནས་ལོར་ཆ་སྙོམས་ཁེ་སྤོགས་སྒོར་ཆིག་སྟོང་ལྷག་ཙམ་ཡོང་གི་ཡོད་པ་མ་ཟད་ད་དུང་ཕྱིར་གླ་པར་བསྐྱོད་དེ་ཡོང་འབབ་གསོག་པའི་དུས་ཚོད་དེ་བས་མང་དུ་སོང་ཡོད”ཅེས་བཤད།

     མིག་སྔར། རང་རྒྱལ་གྱིས་རིམ་རྩིས་བརྒྱབ་ན་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་དུང་ཕྱུར་10ལྷག་ཙམ་བསྐྲུན་པ་དང་། ཞིང་ལས་ལོ་ཏོག་གི་རྨོ་འདེབས་བསྡུ་བཅས་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་75%ལས་བརྒལ་བ། ཞིང་ལས་ཀྱི་གནོད་འགོག་དང་གནོད་འཚེ་ཉུང་གཏོང་གི་ནུས་པ་ཇེ་མཐོར་སོང་བ། ཐོན་ཚད་བརྟན་པོ་དང་ཐོན་འཕར་གྱི་རྨང་གཞི་དེ་བས་བརྟན་དུ་ཕྱིན་ཡོད།

    ཞན་ཆ་སེལ་བར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་བཏང་བ།

    ཡུན་ནན་ཀྲའོ་ཐུང་གྲོང་ཁྱེར་ཀྲེན་ཞུང་རྫོང་ཧྲན་ཧྲུའུ་ཤང་ཤིས་ཧྲ་ཧོ་གྲོང་ཚོར་སྔོ་ཐིང་ངེར་གནས་པའི་སྨྱུག་ཞིང་རླུང་བུས་གཡོས་ཤིང་། རྫོང་གྲོང་གི་ནུབ་ངོས་སུ་གནས་པ་དང་ལོ་འགའི་གོང་ཐག་རིང་ལུང་ཁུག་གི་རྗེས་ལུས་གྲོང་ཚོ་ཡིན་པའི་རི་གྲོང་ཆུང་ཆུང་དེ་གནས་འཕྲོད་ལས་འཚམ་གྱི“སྐྱེ་ཁམས་སྨྱུག་མའི་ཤང”དུ་གྱུར་ཡོད།

     “ང་ཚོས་སྨྱུག་མའི་ཐོན་ལས་ལ་དམིགས་ནས་རྟེན་གཞི་བསྐྲུན་པ་དང་ལག་རྩལ་ནང་འདྲེན་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་རྒྱུ་ཡིན”ཞེས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཙེང་ཕིན་སུང་གིས་བཤད། 2021ལོ་ཚུན་དུ། གསར་དུ་བསྐྲུན་པའི་དབྱི་ཀྲའོ་མྱུར་བགྲོད་གཞུང་ལམ་གྲོང་ཚོར་ཤར་གཏོང་ཐུབ་ནས་རི་སྟེང་དུ་སྨྱུག་རྩ་བཀོག་ལམ་དང་གྲོང་ཚོ་དང་ཚོགས་ཆུང་གི་འགྲོ་ལམ་མགྱོགས་མྱུར་མཁྲེགས་འགྱུར་བྱས་པ་མ་ཟད། གྲོང་ཚོའི་ནང་ད་དུང་སྨྱུག་མ་ལས་སྣོན་བཟོ་གྲྭ་བཙུགས་པས་སྨྱུག་མ་ཕྱིར་ཚོང་དང་ཡུལ་མི་ཕྱིར་སྐྱོད་ལ་དེ་བས་སྟབས་བདེ་བསྐྲུན་ཡོད་པ་རེད།

     ལོ་བཞི་ལྷག་ཙམ་རིང་རྒྱུན་མཐུད་རོགས་སྐྱོར་བྱས་པ་བརྒྱུད། དབུལ་སྒྲོལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། དབུལ་སྒྲོལ་ས་ཁུལ་གྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2021ལོའི་སྒོར་14051ནས་2024ལོའི་སྒོར་17522བར་འཕར་ཏེ་འཕར་ཚད་ལོ་བཞི་བསྟུད་མར་རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མིའི་ཆ་སྙོམས་ཆུ་ཚད་ལས་མགྱོགས་པ་དང་། དབུལ་སྒྲོལ་ས་ཁུལ་དང་ས་ཁུལ་གཞན་དག་དབར་གྱི་འཕེལ་རྒྱས་ཀྱི་ཧེ་བག་དང་དབུལ་སྒྲོལ་མི་འབོར་དང་རྒྱལ་ཡོངས་ཀྱི་ཞིང་པའི་ཡོང་འབབ་དབར་གྱི་ཧེ་བག་རྒྱུན་མཐུད་ཆུང་དུ་ཕྱིན་ནས་དབུལ་སྒྲོལ་གྱི་རྨང་གཞི་དེ་བས་བརྟན་པ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཐུབ་ཡོད་པ་རེད།

    མཉམ་དུ་འགག་སྒྲོལ་དང་བཀོལ་སྤྱོད་ཁྱབ་གདལ་བཏང་བས་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་སྒུལ་ཤུགས་ཆེ་རུ་ཕྱིན་པ།

     ཟླ་6ཚེས་5ཉིན། ཅང་སུའུ་ཝུའུ་ཤིས་མཐོ་གསར་ཁུལ་དུ་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རྒྱལ་ཁབ་ལག་རྩལ་གསར་གཏོད་ལྟེ་གནས་ཀྱི་བློ་རིག་ཞིང་ལས་འཕྲུལ་མིའི་ཞིབ་འཇུག་སུའོ་དངོས་སུ་སྤྱོད་འགོ་ཚུགས་པ་རེད། དུས་མཚུངས་སུ་ལེ་དབར་སྟོང་གི་སར་གནས་པའི་ཡུན་ནན་ཏ་ལི་རུ“མི་ཐབས་རིག་ནུས་ཀླད་ཆེན”བསྒར་བའི་ཞིང་ལས་འཕྲུལ་མི་མུའུ་བརྒྱ་ཙམ་གྱིས་འབྲི་ཏ་ས་འཛིན་གྱི་ལྡུམ་རའི་ནང་ཕར་འགྲོ་ཚུར་འོང་གིས་ཉིན་མཚན་བལྟོས་མེད་ངང་འབྲི་ཏ་ས་འཛིན་སྨིན་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད་པ་རེད།

     “ང་ཚོས་རང་བརྟེན་ཞིབ་སྤེལ་བྱས་པའི་ཞིང་ལས་འཕྲུལ་མིའི་མི་ཐབས་རིག་ནུས་ཚོད་འཛིན་ཡོ་ཆས་ཀྱིས། འཕྲུལ་མིས་དེ་བས་རྙོག་འཛིང་ཆེ་བའི་གནས་སུ་ལས་ཀ་བྱེད་པར་ཚོད་འཛིན་ཐུབ་ཀྱི་ཡོད། མིག་སྔར་རིག་ནུས་ཞིང་ལས་འཕྲུལ་མི་20རྒྱལ་ཁབ་ཕྱི་ནང་གི་ཞིང་ནང་དུ་བདེ་བླག་ངང་ལས་ལ་གཞོལ་བཞིན་ཡོད”ཅེས་ཞིབ་འཇུག་སུའོ་ཡི་སུའུ་ཀྲང་ཝུའུ་ཧའོ་ཡིས་བཤད།

     ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་སྡེ་ཚན་མཉམ་འགུལ་དང་། ཀྲུང་དབྱང་དང་ས་གནས་མཐུན་སྦྱོར། ཁེ་ལས་དང་ཚན་ཞིབ་སྒྲིག་གཞི་མཉམ་འབྲེལ་བཅས་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ཞིང་ལས་འཕྲུལ་ཆས་སྒྲིག་ཆས་ཀྱི་ཞན་ཆ་སེལ་བའི་བྱ་སྤྱོད་དང་འདེབས་འཛུགས་ལས་རིགས་དར་རྒྱས་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ཡོད། ཕྱོགས་མང་པོའི་འབད་བརྩོན་བརྒྱུད། རང་རྒྱལ་གྱི་ཞིང་ལས་ཚན་རྩལ་གསར་གཏོད་ཀྱི་སྤྱིའི་གནས་བབ་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཏེ། ཞིང་ལས་ཚན་རྩལ་ཡར་ཐོན་ཐད་ལེགས་སྐྱེས་འབུལ་ཚད་63%ལས་བརྒལ་ཡོད་པ་རེད།

      ཞིང་ལས་དང་གྲོང་གསེབ་པུའི་འབྲེལ་ཡོད་འགན་འཁུར་བས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཞིང་ལས་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་བ། གྲོང་གསེབ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་མཐའ་འཁྱོངས་ཀྱིས‘ཁྲི་སྟོང་གི་འདུ་འགོད’ཀྱི་ཉམས་མྱོང་སློབ་སྦྱོང་བེད་སྤྱོད་དང་། ‘དར་རྒྱས་ཆེན་པོ་ལྔ”ལ་དམ་འཛིན་ཏན་ཏིག་བྱས་ཏེ་ཞིང་པ་མང་ཚོགས་ཚོས་ཤེས་ཚོར་ཐུབ་པ་དང་། ཁོང་ཚོར་ཁྱབ་ཐུབ་པ། ཁོང་ཚོར་ཕན་པ་ཐོབ་ཐུབ་པ་བཅས་བྱས་ཏེ། ཞིང་ལས་གྲོང་གསེབ་དེང་རབས་ཅན་ལ་འགྱུར་མགྱོགས་སུ་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་སྔར་བས་ལེགས་པོ་གཏོང་དགོས་པའི་མངགས་བཅོལ་ཟབ་མོ་གནང་ཡོད”ཅེས་བཤད།