རྒྱ་མཚོའི་དཔལ་འབྱོར་གྱི་སྤྱི་འབོར་མུ་མཐུད་འཕར་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་14ཉིན། 14:04】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཧའེ་ནན་ཆུང་ཧའེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2025ལོའི་ཀྲུང་གོའི་མཚོ་འགྲུལ་ཉིན་མོའི་གླེང་སྟེགས་གཙོ་བོ་དང་མཚོ་འགྲུལ་ཉིན་མོའི་བྱེད་སྒོའི་འགོ་ཚུགས་མཛད་སྒོ་ཧའེ་ནན་ཆུང་ཧའེ་རུ་འཚོགས་ཤིང་། གསར་འགོད་པས་འགོ་ཚུགས་མཛད་སྒོའི་ཐོག་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱི་མཚོ་འགྲུལ་བྱ་གཞག་འཕེལ་རྒྱས་ལ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པ་དང་། རང་རྒྱལ་ལ་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་མཚོ་ཐོག་སྐྱེལ་འདྲེན་གྲུ་གཟིངས་རུ་ཁག་ཡོད་པ། གོ་ལ་ཧྲིལ་པོའི་འཛམ་གླིང་རིམ་པའི་གྲུ་ཁའི་ཁྱུ་ཚོགས་ཆེ་ཤོས་བསྐྲུན་པ། རྒྱལ་སྤྱིའི་མཚོ་ཐོག་ནས་སྐྱེལ་འདྲེན་བྱེད་ཚད་ཀྱིས་གོ་ལ་ཧྲིལ་པོའི་གསུམ་ཆ་གཅིག་ཙམ་བཟུང་བ། རྒྱ་མཚོའི་དཔལ་འབྱོར་གྱི་སྤྱི་འབོར་རྒྱུན་མཐུད་འཕར་བ་བཅས་ལས། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་རྒྱུན་མཐུད་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
འདི་ལོའི་ཟླ་7ཚེས་11ཉིན་ནི་རང་རྒྱལ་གྱི་མཚོ་འགྲུལ་ཉིན་མོ་ཉེར་གཅིག་པ་དེ་ཡིན་པ་དང་། འདི་ལོའི་མཚོ་འགྲུལ་ཉིན་མོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“ལྗང་མདོག་མཚོ་འགྲུལ། འགྱུར་མེད་མདུན་སྐྱོད”ཡིན་ཞིང་། ཉིན་དེར་ཁྱབ་བསྒྲགས་བྱས་པའི《2025ལོའི་ཀྲུང་གོའི་མཚོ་འགྲུལ་ཉིན་མོའི་སྤྱི་བསྒྲགས》ཐོག་མངོན་པར། གོ་ལ་ཧྲིལ་པོའི་དངོས་ཟོག་ཚོང་དོན་རྒྱལ་ཁབ་ཆེ་ཤོས་དང་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པ་ཡིན་པའི་རང་རྒྱལ་གྱི་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་དངོས་ཟོག་གི་95%ཙམ་མཚོ་ཐོག་ནས་སྐྱེལ་འདྲེན་བྱེད་ཀྱི་ཡོད་པ་དང་། མཚོ་ཐོག་སྐྱེལ་འདྲེན་ལམ་ཐིག་དང་ཞབས་ཞུའི་དྲ་རྒྱ་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་གཙོ་བོར་ཁྱབ་ཡོད་པ་རེད། རང་རྒྱལ་ནི་འཛམ་གླིང་ཐོག་མཚོ་ཐོག་སྐྱེལ་འདྲེན་སྒྲིག་བཀོད་མང་ཤོས་དང་མཚོ་ཐོག་སྐྱེལ་འདྲེན་དངོས་ཟོག་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། གྲུ་ཁའི་གཞི་ཁྱོན་དང་། གྲུ་པའི་གྲངས་ཚད། གྲུ་གཟིངས་རུ་ཁག་གི་གཞི་ཁྱོན། གྲུ་གཟིངས་ཐོན་ཚད། རྒྱ་མཚོའི་ཉ་ལས་ཀྱི་གཞི་ཁྱོན་སོགས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། 2024ལོར་རྒྱ་མཚོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10ལས་ཐོག་མར་བརྒལ་ཡོད།
རང་རྒྱལ་གྱི་མཚོ་ཐོག་སྐྱེལ་འདྲེན་ལས་རིགས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཉིན་བཞིན་སྲ་བརྟན་དུ་འགྲོ་བཞིན་ཡོད་ཅིང་། 2024ལོར་ཆུ་ལམ་ནས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་98.1ཟིན་པ་དེ་ལོ་བཅུའི་གོང་གི་ལྡབ་1.64ཡིན་པ་དང་། ཆུ་འདྲེན་དངོས་ཟོག་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར་ཁྲི་14ཟིན་ནས་དུས་མཚུངས་ལས་8.8%འཕར་བ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་བསྡོམས་འབོར་ཁྲོད་ཀྱི་བསྡུར་ཚད་55.6%ཟིན་ཡོད། གཞན་ཡང་རྒྱལ་ཡོངས་ཀྱི་གྲུ་ཁ་གཙོ་བོའི་གཙོ་གནད་ཆེད་ལས་ཅན་གྱི་གྲུ་ཁ་རིགས་ལྔར་གློག་ཁྱབ་ཚད་90%ལས་བརྒལ་ཡོད།