འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་14ཉིན།

༄༅།།གློག་དྲ་སྒྲོལ་བའི་གཉེར་སྐྱོང་ཁུལ་གྱི་རྒྱུན་རྣམ་ཅན་གྱི་གློག་ཤུགས་ཉོ་ཚོང་ལམ་སྲོལ་བཏོན་པ།

གློག་ཤུགས་ཐོན་ཁུངས་འཁོར་རྒྱུག་དེ་བས་བདེ་བླག་ཡོང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་14ཉིན། 14:01】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཏིང་དབྱི་ཐིང་།

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《གློག་དྲ་སྒྲོལ་བའི་གཉེར་སྐྱོང་ཁུལ་གྱི་རྒྱུན་རྣམ་ཅན་གྱི་གློག་ཤུགས་ཉོ་ཚོང་ལམ་སྲོལ་ཇུས་གཞིའི་སྐོར་གྱི་ཡིག་ལན》བཀྲམ་ནས། རྒྱལ་ཁབ་གློག་དྲ་ཀུང་སི་དང་ལྷོ་ཕྱོགས་གློག་དྲ་ཀུང་སིས་ད་ལོའི་ལོ་མཇུག་གོང་ཁྲོམ་རའི་འཆར་འགོད་དང་། ཉོ་ཚོང་སྣ་ཁ། ཉོ་ཚོང་དུས་རིམ་བཅས་སྔར་བས་གཅིག་གྱུར་བཟོས་ཏེ། གློག་དྲ་སྒྲོལ་བའི་ཉོ་ཚོང་རྒྱུན་རྣམ་ཅན་གྱི་སྒོ་ནས་གཉེར་སྐྱོང་བྱེད་དགོས་པ་བཏོན་ཡོད། དེ་ནི་རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་ར་འཛུགས་སྐྲུན་གྱི་མཚོན་བྱེད་རང་བཞིན་གྱི་བྱེད་ཐབས་ཤིག་ཡིན་ཞིང་། དེས་གློག་ཤུགས་ཁྲོམ་རའི་ཁག་བགོས་མེད་པར་བཟོ་བ་དང་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གློག་ཤུགས་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་དོན། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲས་རང་སོ་སོའི་གཉེར་སྐྱོང་ཁུལ་དུ་འཐུས་སྒོ་ཅུང་ཚང་བའི་གློག་ཤུགས་ཁྲོམ་ར་ཆགས་ཡོད། འོན་ཀྱང་། དེ་གོང་གློག་ཤུགས་ཁྲོམ་ར་གཉིས་དབར་སྦྲེལ་མཐུད་ཐུབ་མེད་པ་དང་། གློག་དྲ་གཉིས་དབར་རྒྱུན་རྣམ་ཅན་གྱི་ཁྲོམ་རའི་ཉོ་ཚོང་ལམ་སྲོལ་མེད་པ། གློག་ཤུགས་གསབ་རེས་དེ་སྲིད་གཞུང་དབར་གྲོས་མོལ་དང་འཕྲལ་སྡོམ་བཀོད་གཏོང་གཙོ་བོར་བྱེད་པ། “སྐུད་ལམ་རེར་གྲོས་མོལ་ཐེངས་རེ”དང“དོན་རེར་གྲོས་རེ”བྱེད་པ། ལན་གྲངས་ཉུང་བ་དང་། གཞི་ཁྱོན་ཆུང་བ། སྟབས་བསྟུན་རང་བཞིན་ཞན་པ་བཅས་ལས་གློག་དྲ་གཉིས་དབར་གྱི་གློག་ལམ་བེད་སྤྱོད་གང་ལེགས་བྱེད་པ་དང་གསབ་རེས་ནུས་པ་གང་ལེགས་འདོན་པར་ཚོད་འཛིན་ཕོག་ཡོད།

     གློག་ཤུགས་མ་ལག་གསར་པ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་བ་དང་ཆབས་ཅིག བསྡུར་ཚད་མཐོ་བའི་ནུས་རྒྱུ་གསར་པ་མཐུད་འཇུག་བྱས་པས། མ་ལག་གི་སྐབས་བསྟུན་རང་བཞིན་དང་འཕར་ཆག་རང་བཞིན་ཆེ་རུ་ཕྱིན་ནས་གློག་དྲ་ཆེན་པོས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་ནུས་རྒྱུ་གསར་པའི་ལྷག་འཕྲོ་སྤྱོད་རྒྱུར་སྐུལ་འདེད་གཏོང་བར་བརྟེན་པ་དང་། བདེ་འཇགས་དང་བརྟན་པའི་གློག་ཤུགས་མཁོ་སྤྲོད་ལ་འགན་ལེན་བྱེད་པའི་དགོས་མཁོ་སྔར་བས་ཆེ་རུ་ཕྱིན་ཞིང་། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲའི་དབར་གྱི་གློག་ཤུགས་ཁྲོམ་རའི་ཁག་བགོས་དེ་རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་ར་བསྐྲུན་པའི་འགག་སྒྲོལ་བྱེད་ས་གཙོ་བོར་གྱུར་ཡོད།

     “གློག་དྲ་སྒྲོལ་བའི་གཉེར་སྐྱོང་ཁུལ་གྱི་རྒྱུན་རྣམ་ཅན་གྱི་གློག་ཤུགས་ཉོ་ཚོང་ལམ་སྲོལ་བཏོན་པ་དེ་ནི་རྒྱལ་ཡོངས་ལ་ཁྱབ་པའི‘དྲ་ཐོག་གི་གློག་ཤུགས་ཚོང་གྲོང’ཞིག་བསྐྲུན་པ་དང་འདྲ་པོ་ཡོད། རྒྱལ་ཁབ་གློག་དྲ་དང་ལྷོ་ཕྱོགས་གློག་དྲའི་གཉེར་སྐྱོང་ཁུལ་ཆེ་གྲས་གཉིས་ཀྱི་གློག་ཤུགས་ཐོན་ཁུངས་ཀྱིས་གཅིག་གྱུར་གྱི་ཉོ་ཚོང་སྒྲིག་སྲོལ་འོག འཁོར་རྒྱུག་བདེ་བླག་ཐུབ་ནས་ལྷག་འཕྲོ་གསབ་རེས་དང་། ཁྲོམ་རའི་འགྲན་རྩོད་ཀྱི་གསོན་ཤུགས་འཕེལ་བ། ཐོན་ཁུངས་བེད་སྤྱོད་ཀྱི་ལས་ཕྱོད་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད”ཅེས་ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་འཆར་འགོད་འཕེལ་རྒྱས་པུའི་ཀྲུའུ་རེན་གཞོན་པ་ཧན་ཧྥང་གིས་བཤད།

    ལམ་སྲོལ་སྒྲོམ་གཞི་དེའི་འོག་ཀོང་ཀྲོའུ་གློག་ཤུགས་ཉོ་ཚོང་ལྟེ་གནས་དང་པེ་ཅིང་གློག་ཤུགས་ཉོ་ཚོང་ལྟེ་གནས་མཉམ་དུ་སྒྲིག་འཛུགས་བྱས་ཏེ་ཟླ་བདུན་པ་ནས་དགུ་པ་བར་ལྷོ་ཕྱོགས་ཀྱི་གློག་ཤུགས་ཧྭ་ཏུང་ལ་གཏོང་བའི་གསབ་རེས་ཉོ་ཚོང་ལམ་ལྷོངས་བྱུང་ཞིང་། མིག་སྔར་རྒྱལ་ཡོངས་སུ་གཞི་ཁྱོན་ཆེ་ཤོས་ཀྱི་གཉེར་སྐྱོང་ཁུལ་སྒྲོལ་བའི་ཁྲོམ་ར་ཅན་གྱི་གློག་ཤུགས་ཉོ་ཚོང་ཞིག་ཏུ་གྱུར་ཡོད། ཟླ་7ཚེས་1ནས་ཟླ་9ཚེས་15ཉིན་བར་ཆན་ཝ་ཆུ་ཚོད་དུང་ཕྱུར་20ལྷག་ཙམ་ཟིན་པའི་ཀོང་ཏུང་དང་། ཀོང་ཤིས། ཡུན་ནན་བཅས་ཀྱི་གློག་ནུས་ཧྥུའུ་ཅན་དང་ཀོང་ཏུང་གི་དྲ་སྦྲེལ་ལས་གྲྭ་དང་དེ་བཞིན་འབྲེལ་གཏུག་གློག་ལམ་བརྒྱུད་ཧྲང་ཧའེ་དང་། ཀྲེ་ཅང་། ཨན་ཧུའེ། ཧྥུའུ་ཅན་བཅས་ལ་ཉིན་མཚན་མེད་པར་བཏང་ནས་ལོ་རེའི་དབྱར་དུས་ཀྱི་གློག་སྤྱོད་མང་ཤོས་སྐབས་ཀྱི་གློག་ཤུགས་འགན་སྲུང་ཡོང་བར་རྒྱབ་སྐྱོར་བྱ་རྒྱུ་རེད།

     རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ཇུས་གཞི་དེས་རྒྱལ་ཡོངས་གཅིག་གྱུར་གྱི་གློག་ཤུགས་ཁྲོམ་རའི་འཕེལ་ཕྱོགས་དང་ཟུང་འབྲེལ་བྱས་ཏེ་གློག་དྲ་སྒྲོལ་བའི་གཉེར་སྐྱོང་ཁུལ་ཉོ་ཚོང་གི་ཉེ་དུས་དང་། དུས་འབྲིང་། རྒྱང་རིང་བཅས་ཀྱི་ལས་ཀའི་དམིགས་ཚད་བཏོན་ཡོད། ད་ལོར་ལོ་འཁོར་མོ་དང་། ཟླ་འཁོར་མོ། ཟླ་བའི་ནང་ཚུན། ད་ཆ་སོགས་ཉོ་ཚོང་དུས་འཁོར་དུ་གློག་དྲ་སྒྲོལ་བའི་གཉེར་སྐྱོང་ཁུལ་གྱི་ཉོ་ཚོང་རྒྱུན་རྣམ་ཅན་གྱི་སྒོ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ། དབྱར་དུས་ཀྱི་གློག་སྤྱོད་མང་ཤོས་སྐབས་ཀྱི་གློག་ཤུགས་འགན་སྲུང་མཁོ་སྤྲོད་ལ་འདེགས་སྐྱོར་ནུས་ལྡན་བྱས་ནས་ཕྱོགས་མང་གི་ལྗང་མདོག་གློག་གི་ཉོ་ཚོང་སྒྲིག་འཛུགས་བྱེད་པ་དང་འབྲི་ཆུའི་ཟུར་གསུམ་ཁུལ་དང་ཁུག་ཆེན་ཁུལ་སོགས་གཙོ་གནད་ས་ཁུལ་གྱི་ལྗང་མདོག་གློག་ཤུགས་ཀྱི་འཛད་སྤྱོད་དགོས་མཁོ་སྐོང་རྒྱུ་མ་ཟད། ལོ་མང་རིང་ལྗང་མདོག་གློག་ཤུགས་ཀྱི་ཉོ་ཚོང་གན་རྒྱ་གྲུབ་པར་ཡང་འཚོལ་ཞིབ་བྱ་རྒྱུ་རེད།

     ཡིག་ལན་ལ་གཞིགས་ནས་རྒྱབ་ཁབ་གློག་དྲ་ཀུང་སི་དང་ལྷོ་ཕྱོགས་གློག་དྲ་ཀུང་སིས་གློག་དྲ་སྒྲོལ་བའི་ཉོ་ཚོང་སྒྲིག་སྲོལ་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་རྩལ་ལས་སྟེགས་མཉམ་སྦྲེལ་མཉམ་མཐུད་དང་ཆ་འཕྲིན་མཉམ་སྤྱོད་དང་འགྲོ་རྒྱུག་ཁས་ལེན་བྱེད་ཤུགས་ཆེ་རུ་བཏང་ནས། གློག་ཤུགས་ཁྲོམ་རའི་ཁོངས་མིས“ས་ཆ་གཅིག་ཏུ་ཐོ་བཀོད་ན་རྒྱལ་ཡོངས་སུ་མཉམ་སྤྱོད”གང་མགྱོགས་ཐུབ་པར་བྱ་རྒྱུ་རེད།