ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་12ཉིན། 11:59】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འདི་ག་ཚགས་པར་ཁང་དུ་ཤིན་ཅང་ཧོ་ཐེན་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་7ནས་ཚེས་9ཉིན་བར། རྒྱལ་ཡོངས་ཀྱི་ཁ་གཏད་ཤིན་སྐྱོར་ལས་དོན་ཚོགས་འདུ་ཐེངས་བཅུ་པ་ཤིན་ཅང་ཧོ་ཐེན་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་ཞིང་། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་དུས་རབས་གསར་པའི་ཏང་གི་ཤིན་སྐྱོང་མཛད་ཇུས་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་གཙོ་རྐང་ལ་དམ་པོར་དམིགས་པ། སྙིང་རུས་གཏན་འཁྱོངས་ཀྱིས་ཁ་གཏད་ཤིན་སྐྱོར་ལས་དོན་ལེགས་པར་བསྒྲུབས་ཏེ་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས“ལོ་ལྔ་ཚན་བཅུ་བཞི་པའི”ཁ་གཏད་ཤིན་སྐྱོར་ལས་དོན་གྱིས་ཤིན་ཅང་ལས་དོན་གྱི་སྤྱིའི་དམིགས་ཚད་ལ་ཞབས་འདེགས་ཞུ་བའི་ཁྲོད་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་། ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཀྲུང་དབྱང་ཁེ་ལས་ཀྱིས་ཤིན་ཅང་དང་མཉམ་དུ་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་བརྒྱབ་སྟེ་ཁ་གཏད་ཤིན་སྐྱོར་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། གཙོ་གནད་མངོན་གསལ་དོད་པ། མཉམ་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས་ཤིན་ཅང་གི་སྤྱི་ཚོགས་བརྟན་ལྷིང་དང་། མི་རིགས་མཐུན་སྒྲིལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བ་དང་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་མངོན་ཡོད་ཅེས་གསུངས་པ་རེད།
ཝང་ཧུའུ་ཉིང་གིས་ཁ་གཏད་ཤིན་སྐྱོར་བྱེད་པ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་ཤིག་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས། ཤིན་ཅང་ལྷོ་རྒྱུད་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པར་དམིགས་ནས་ནུས་ཤུགས་འདོན་པར་སྔར་བས་མཐོང་ཆེན་བྱས་ཏེ། ཤིན་ཅང་ལྷོ་རྒྱུད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཤིན་ཅང་ལྷོ་རྒྱུད་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་གཏོང་དགོས། ཤིན་ཅང་གི་བཟོ་ལས་ཅན་དང་གྲོང་ཁྱེར་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བར་དམིགས་ནས་ནུས་ཤུགས་འདོན་པར་སྔར་བས་མཐོང་ཆེན་བྱས་ཏེ། དམངས་འཚོ་དང་ཉེ་བཅར་གྱིས་ཤིན་ཅང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་དམིགས་ནས་ནུས་ཤུགས་འདོན་པར་སྔར་བས་མཐོང་ཆེན་བྱས་ཏེ་མི་རིགས་ཁག་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་དགོས། མིག་མཐོང་ལག་འཛིན་ཐུབ་པ་དང་ཕན་ནུས་ལྡན་པའི་སྒོ་ནས་རིག་གནས་ཀྱིས་ཤིན་ཅང་སྐྱོང་བར་དམིགས་ནས་ནུས་ཤུགས་འདོན་པར་སྔར་བས་མཐོང་ཆེན་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། སློབ་གསོའི་ཤིན་སྐྱོར་གྱི་ཕན་འབྲས་ཆེ་རུ་གཏོང་བར་དམིགས་ནས་ནུས་ཤུགས་འདོན་པར་སྔར་བས་མཐོང་ཆེན་བྱས་ཏེ་ཤིན་ཅང་གི་སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་མགྱོགས་མྱུར་འཛུགས་རྒྱུར་སྐུལ་ འདེད་གཏོང་དགོས། ཁ་གཏད་ཤིན་སྐྱོར་གྱི་ལས་འགན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཤིན་སྐྱོར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རོགས་སྐྱོར་བྱེད་མཁན་དང་རོགས་སྐྱོར་དང་ལེན་བྱེད་མཁན་ཕྱོགས་གཉིས་ཀྱི་ཧུར་བརྩོན་རང་བཞིན་འདོན་སྤེལ་བྱས་ནས་ཁ་གཏད་ཤིན་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད།
ལི་ཀན་ཅེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས། ཕྱོགས་སྡོམ་གསུང་བཤད་གནང་ཞིང་། ཁོང་གིས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་ཁ་གཏད་ཤིན་སྐྱོར་ལས་དོན་གྱི་ངོ་བོའི་ངེས་གནས་དང་། རྩ་བའི་དམིགས་ཚད། ཤུགས་རྒྱག་ཕྱོགས་བཅས་ངོས་འཛིན་གང་ལེགས་ཀྱིས་ཁ་གཏད་ཤིན་སྐྱོར་ལས་དོན་ལ་དམ་འཛིན་བྱེད་པའི་འགན་འཁྲི་ཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས་པ་དང་།
ལས་འགན་ཁ་གསལ་དང་གཙོ་གནད་མངོན་གསལ་དོད་པོས་ཁ་གཏད་ཤིན་སྐྱོར་ལས་དོན་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལས་དོན་སྒྲུབ་མཁས་པོས“ལོ་ལྔ་ཚན་བཅོ་ལྔ་པའི”ཤིན་སྐྱོར་འཆར་འགོད་སྤུས་ཚད་མཐོ་པོས་བཟོ་བ་དང་། ལས་ཀར་ལྟ་བཤེར་དང་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་བ། ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་ཞུན་བརྡར་ཏན་ཏིག་བྱས་ཏེ་ཁ་གཏད་ཤིན་སྐྱོར་གྱི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་གྱིས་ཕན་འབྲས་ཐོན་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
ཤིན་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་19དང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་དང་ཚན་པ། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་དང་དེ་བཞིན་ས་ཁུལ་དང་། ཀྲོའུ། གྲོང་ཁྱེར། ཧྲི་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་བཅས་དང་པེ་ཅིང་གྲོང་ཁྱེར་དང་། ཐེན་ཅིན་གྲོང་ཁྱེར། ལེའོ་ཉིང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཀྲེ་ཅང་ཞིང་ཆེན། ཧྲན་ཏུང་ཞིང་ཆེན། ཧོ་ནན་ཞིང་ཆེན། ཀོང་ཏུང་ཞིང་ཆེན། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་ཀྱི་འགན་འཁུར་བློ་མཐུན་གྱིས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་བ་རེད།