གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་11ཉིན། 14:03】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ད་ལོའི་ལོ་འགོར། ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་ཆུས་ལུང་ཀུའེ་ཁྲོམ་གཞུང་ནན་ལིང་གྲོང་ཚོས“གཉེན་སྒྲིག་ཐོག་མའི་བྱ་དགའ་”“བུ་བཙའི་ཁ་གསབ་རོགས་དངུལ་”སོགས་ཀྱི་ཇུས་གཞི་བཏོན་པར་དོ་སྣང་ཆེན་པོ་བྱུང་ཡོད།
ཉིན་ཤས་གོང་། ནན་ལིང་གྲོང་ཚོས་གོང་གསལ་གྱི་བྱ་དགའི་ཇུས་གཞིར་སླར་ཡང་“ཁ་སྣོན་”བྱས་པ་སྟེ། གྲོང་མིར་མཉམ་གཉེར་ཁང་གི་རིམ་པ་དང་པོའི་ཕན་བདེ་ལོངས་སྤྱོད་བྱེད་རྒྱུ་ཡོད་པ་དང་ཆབས་ཅིག་དཔལ་འབྱོར་ཧྲེ་ཁག་གི་གྲངས་འབོར་འདྲ་མཚུངས་ཀྱི་བྱ་དགའ་དང་ཁ་གསབ་ལོངས་སུ་སྤྱད་ཆོག་པ་དང་། དམངས་ཕན་སྲིད་ཇུས་ནི“གཉེན་སྒྲིག་ཐོག་མ་”“བུ་བཙའ”“ནད་གཞི་ཚབས་ཆེན”“ཚེ་འདས”དང་འབྲེལ་བ་ཡོད་པ་རེད། དེའི་ནང་གཉེན་སྒྲིག་དང་བུ་བཙའི་ཁ་གསབ་དངུལ་གྲངས་ཁྲོད། གཉེན་སྒྲིག་ཐོག་མའི་བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི་8བར་སྤར་ཡོད་པ་དང་། བུ་བཙའི་བྱ་དགའ་མཐོ་ཤོས་ལ་སྒོར་ཁྲི་12ཟིན་ཡོད་ཅིང་། བསྡོམས་འབོར་སྒོར་ཁྲི་20ཟིན་ཡོད་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ནན་ལིན་མཉམ་གཉེར་ཁང་གིས་དམངས་འཚོའི་ཕན་བདེ་ཆེན་པོ་བཞི་གཅིག་གྱུར་ངང་གཏན་འབེབས་ལག་བསྟར་བྱས་པའི་རྨང་གཞིའི་ཐོག ཁོངས་གཏོགས་ཀྱི་དཔལ་འབྱོར་ཧྲེ་12སུ་དམངས་གཙོའི་གོ་རིམ་བརྒྱུད་ནས་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་སྟེ། ཚད་གཞི་གཅིག་མཚུངས་ཀྱི་ཆ་འགྲིག་ཁ་གསབ་བྱེད་ཐབས་ལག་བསྟར་བྱ་རྒྱུའི་ལྕག་སྐུལ་བྱས་པ་རེད། ཆ་རྐྱེན་དང་མཐུན་པའི་ཐེམ་ཐོ་མ་རྐང་འཇོག་མཁན་གྱི་ཁོངས་མི་བརྡས་ཐག་གཅོད་པར་གྲོས་འཆམ་བྱུང་བའི་དཔལ་འབྱོར་མཉམ་ལས་ཁང་གི་ཁོངས་གཏོགས་ནང་ཡིན་རིགས། གྲོང་ཚོ་རིམ་པ་དང་ཧྲེ་རིམ་པའི་ཁ་གསབ་གཉིས་དུས་མཉམ་དུ་ཐོབ་ཆོག་པ་དང་། ཁ་གསབ་དངུལ་གྲངས་ལྡབ་འཕར་བྱུང་ཡོད།
གཉེན་སྒྲིག་དང་བུ་བཙའི་བྱ་དགའ་དང་ཁ་གསབ་དཔེར་བཞག་ན། གལ་ཏེ་གཉེན་སྒྲིག་ཐོག་མ་བྱས་པའི་བཟའ་ཟླ་གཉིས་ཀ་ནན་ལིང་མཉམ་གཉེར་ཁང་གི་ཐེམ་ཐོ་མ་རྐང་འཇོག་མཁན་གྱི་ཁོངས་མི་ཡིན་ན། དེ་གོང་ཆེས་མཐོ་ན་ནན་ལིང་མཉམ་གཉེར་ཁང་གི་གཉེན་སྒྲིག་ཐོག་མའི་བྱ་དགའ་སྒོར་ཁྲི་4དང་། ཕྲུ་གུ་མཚེ་གསུམ་སྐྱེས་པར་ཐེངས་གཅིག་གི་ཁ་གསབ་སྒོར་ཁྲི་6གི་ཕན་བདེ་ལོངས་སུ་སྤྱད་ཆོག་པས། བསྡོམས་འབོར་སྒོར་ཁྲི་10ཡིན། དམངས་ཕན་བྱེད་ཐབས་གསར་པ་ལག་བསྟར་བྱས་རྗེས། བཟའ་ཟླ་དེ་གཉིས་ཀྱིས་གྲོང་ཚོ་དང་ཧྲེ་རིམ་པ་གཉིས་ཀྱི་བྱ་དགའ་དང་ཁ་གསབ་དུས་མཉམ་དུ་ལོངས་སུ་སྤྱད་ཆོག་པ་དང་། གཉེན་སྒྲིག་དང་ཕྲུ་གུ་སྐྱེས་པའི་ཁ་གསབ་དངུལ་གྲངས་མཐོ་ཤོས་སུ་གཉེན་སྒྲིག་ཐོག་མར་སྒོར་ཁྲི་8དང་། བུ་བཙའ་བར་སྒོར་ཁྲི་12བར་ལྡབ་འཕར་བྱུང་ནས། བསྡོམས་འབོར་སྒོར་ཁྲི་20ཟིན་ཡོད།