འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་11ཉིན།

ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

༄༅།།སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དེ་བས་ཚོར་ཐུབ་པ་དང་ཁྱབ་ཐུབ་པར་བྱེད་དགོས།

འདི་ག་ཚགས་པར་གྱི་གསར་འགོད་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་11ཉིན། 13:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    མི་རིང་བའི་གོང་། ཅང་ཤིས་ཞིང་ཆེན་ཨན་དབྱི་རྫོང་ཝན་པུའུ་གྲོང་རྡལ་ཏ་ཧྭ་གྲོང་ཚོའི་གྲོང་མི་ཀྲང་ཅན་ཧྲན་གྲོང་རྡལ་དུ་ཚོང་འདུས་ལ་ཡོང་སྐབས། ཝན་པུའུ་གྲོང་རྡལ་གྱི“སྲིད་དོན་ཞབས་ཞུའི་ཚོང་འདུས་ཉིན་མོར”ཁན་སྦྱར་དམར་པོ་གྱོན་པའི་གཞོན་ནུ་ཁ་ཤས་ཀྱིས་མི་སེར་ཚོར་སྲིད་ཇུས་གསལ་འགྲེལ་བྱེད་པ་དང་ཏག་ཏག་ཐུག ཀྲང་ཅན་ཧྲན་གྱིས་རང་ཉིད་དང་ཁྱིམ་མཚེས་དབར་གྱི་ས་ཆའི་རྩོད་གཞི་ཁོང་ཚོར་བཤད་པས། དེ་གར་ཡོད་པའི་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཁྲེན་ཀེན་གྱིས་འཕྲལ་དུ་གྲོང་ཚོའི་ལས་བྱེད་པ་དང་མཐུན་སྦྱོར་བྱས་པ་མ་ཟད། འབྲེལ་ཡོད་མི་སྣ་མཉམ་དུ་ཐག་གཅོད་བྱེད་པར་འབོད། ལས་དོན་པས་དོན་དངོས་སྟོན་པ་དང་། རྒྱུ་མཚན་འདྲེན་པ། སྲིད་ཇུས་གསལ་འགྲེལ་བཅས་བྱས་པས་མཐར་རྩོད་གཞི་དེ་ཐག་གཅོད་ཐུབ་ཡོད།

    ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཨན་དབྱི་རྫོང་གིས་ཏང་ཡོན་དང་ལས་བྱེད་པའི་སྤྱོད་ཚུལ་ལེགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་ཀྱིས་ཞབས་ཞུའི་སྐར་ཁུང་ཚོང་འདུས་སུ་བཙུགས་ནས་གཅིག་སྡུད་ཐོག་སྲིད་ཇུས་བློ་འདྲི་དང་། ལས་ཞུགས་འོས་སྦྱོར། འགལ་བ་འདུམ་འགྲིག་སོགས་ཀྱི་ཞབས་ཞུ་བསྒྲུབས་ཡོད།

    ད་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་སྐབས“ཏང་ཀྲུང་དབྱང་གིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་རྒྱུའི་ཐག་བཅད་པ་དེ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཞིག་རེད”ཅེས་གསུངས་ཡོད།

     ས་གནས་ཁག་གིས་མང་ཚོགས་ཀྱི་དོ་ཁུར་བྱ་ཡུལ་ལ་དམིགས་ནས། རང་ངོས་ཀྱི་སྤྱོད་ཚུལ་གནད་དོན་བཤེར་འདོན་གཏིང་ཟབ་ཀྱིས་འཕྲལ་བཤེར་འཕྲལ་བཅོས་དང་འཕྲལ་སྒྲུབ་འཕྲལ་བཅོས་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་ལས་སྒྲུབ་བརྒྱུད་རིམ་ལེགས་སུ་གཏོང་བ་དང་དམངས་འཚོའི་དཀའ་གནད་ཐག་གཅོད་བྱེད་པའི་བྱ་སྤྱོད་དངོས་སུ་བསྒྱུར་ཡོད།

    ཀོང་ཏུང་ཞིང་ཆེན་ཧྲེན་ཀྲེན་གྲོང་ཁྱེར་ལུང་ཧྭ་ཆུས་ཀོན་ལན་ཁྲོམ་གཞུང་ནས་ཡིན་པ་དང་། ནད་གཞིས་རྐྱེན་པས་ལོ་མང་རྐུབ་སྟེགས་འཁོར་ལོར་སྡོད་དགོས་པའི་སློབ་ཆུང་སློབ་མ་ཏེང་ཞའོ་ཀོང(མིང་ཚབ)གིས་ཆ་སྒྲིག་རོགས་སྐྱོར་ལས་བྱེད་པ་མཱ་ཏེ་ཝེ་ལ་ཐུགས་རྗེ་ཆེ་ཞུ་བའི་འཕྲིན་ཡིག་ཅིག་བསྐུར་བའི་ནང“སློབ་གྲྭར་འགྲོ་བའི་ལམ་ད་ཆ་བཟོས་ཚར་འདུག ཨ་ཁུ་མཱ་ལགས་ཐུགས་རྗེ་ཆེ”ཞེས་བྲིས་ཡོད། སྔོན་ཆད་ཏེང་ཞའོ་ཀོང་སློབ་གྲྭར་འགྲོ་སའི་ལམ་བུ་ཡག་པོ་མེད་པས། སྐབས་རེ་རྐུབ་སྟེགས་འཁོར་ལོ་འགྲོ་མི་ཐུབ་པར་ལུས་ཀྱི་ཡོད། མཱ་ཏེ་ཝེ་ཡིས་ཁྱིམ་དུ་འཚམས་འདྲིར་བསྐྱོད་རྗེས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་གྱིས་འགྲོ་ལམ་ཉམས་བཟོ་བྱས་པ་མ་ཟད། ད་དུང་སློབ་གྲྭ་དང་མཉམ་དུ་འགོག་མེད་སྒྲིག་ཆས་ཀྱང་ལེགས་སུ་བཏང་ཡོད།

     ལུང་ཧྭ་ཆུས་ཀྱིས་ཏང་ཡོན་དང་ལས་བྱེད་པས“རྟག་ཏུ་ཁྱིམ་ཚང་མང་པོར་བསྐྱོད་པ་དང་། ཁྱིམ་ཚང་མང་པོའི་གནས་ཚུལ་གསལ་རྟོགས་བྱེད་པ། ཁྱིམ་ཚང་མང་པོའི་སེམས་ཁྲལ་སེལ་བ། ཁྱིམ་ཚང་མང་པོའི་ལས་དོན་ཧུར་ཐག་སྒྲུབ་པ”བཅས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་ཀྱིས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཁྱིམ་ཚང་ལ་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དག་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་ཕན་འབྲས་དངོས་སུ་འགྱུར་བར་སྐུལ་འདེད་བཏང་ཡོད།

    ས་གནས་ཁག་གིས་སྒོ་དབྱེའི་སློབ་གསོ་ཏན་ཏིག་སྤེལ་བ་དང་། མང་ཚོགས་ཀྱི་བསམ་འཆར་ཉན་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་བཏོན་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་འབེན་གཏད་ཇུས་བསྟར་གྱིས་གནད་དོན་དག་ཐེར་གནད་སྨིན་ཡོང་བར་བྱས་ཡོད།

     ཅི་ལིན་ཞིང་ཆེན་ཡན་པན་ཁྲའོ་ཞན་རིགས་རང་སྐྱོང་ཀྲོའུ་ཨན་ཐུའུ་རྫོང་ཧྲི་མོན་གྲོང་རྡལ་དུ་ཁེར་སྡོད་རྒད་པོ་ལི་ཡུན་ཏུང་གིས་ལག་ཐོགས་ཁ་པར་བརྒྱུད་ལོ་ན་མཐོ་བའི་ཕོགས་སྣོན་བདེན་དཔང་ར་སྤྲོད་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བརྗོད། དེ་ཡང་ལི་ཡུན་ཏུང་གི་རྐང་པ་ཐང་པོ་མེད་པས། ལས་སྒྲུབ་ཚོམས་ཆེན་དུ་བདེན་དཔང་ར་སྤྲོད་བྱེད་པར་འགྲོ་ཁག་པོ་ཡོད་ལ་དྲ་ཐོག་ནས་སྒྲུབ་དགོས་བསམ་ཀྱང་ཁ་པར་སྤྱོད་ཤེས་ཀྱི་མེད། ད་ལོ་ཧྲི་མོན་གྲོང་རྡལ་གྱིས“དམངས་འཚོའི་ཞབས་ཞུ་དང་ཚབ་སྒྲུབ་ཟུང་དུ་འབྲེལ་བའི”རྣམ་པ་ཁྱབ་གདལ་བཏང་ནས། སྡེ་ཁུལ་གྱི་ལས་དོན་པས་རང་འགུལ་ངང་སྒོ་རྩར་བསྐྱོད་དེ་འགུལ་སྐྱོད་སྟབས་བདེ་མེད་པའི་རྒན་རྒོན་ལ་རྒན་གསོའི་བདེན་དཔང་ར་སྤྲོད་དང་ལོ་ན་མཐོ་བའི་ཕོགས་སྣོན་བདེན་དཔང་ར་སྤྲོད་སོགས་གཉེར་རོགས་བྱེད་ཀྱི་ཡོད།

     ཨན་ཐུའུ་རྫོང་གིས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྡེ་ཁུལ(གྲོང་ཚོ)མང་ཚོགས་ཀྱི་འཐུས་མི་དང་དེ་བཞིན་ཁེ་ལས་ཀྱི་འཐུས་མི་དང་ངོ་ཐུག་གདོང་འཕྲད་ངང་སྙིང་གཏམ་གླེང་རེས་བྱེད་པར་སྐུལ་འདེད་བཏང་ནས། བསམ་འཆར་ཉན་པ་དང་གནད་དོན་ཤེས་རྟོགས་བྱེད་པ་དང་འབྲེལ། དཔྱད་བསྡུར་དང་ལེན་བྱས་ཏེ“གནད་དོན་གྱི་གསལ་ཐོ” “བློ་ཡིད་ཚིམ་པའི་རྒྱུགས་ལན”དུ་ཧུར་ཐག་འགྱུར་བར་བྱས་ཡོད།

     ས་གནས་ཁག་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་གཞི་རིམ་དུ་བརྟག་ཞིབ་ལ་བསྐྱོད་དེ། སྤྱོད་ཚུལ་ཏན་ཏིག་ལ་བརྟེན་ནས་གནས་ཚུལ་དངོས་འཚོལ་བཤེར་དང་ཐབས་ཇུས་དངོས་བཏོན་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། སེམས་ཁྲལ། དཀའ་ངལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཡོད།

     ཁོར་ཡུག་གཙང་སྦྲ་བའི་གླ་ཆ་འགྱངས་ཆད་ཀྱི་གནད་དོན་བཅོས་སྒྲིག་བྱ་ཆེད། ཁྲུང་ཆིང་གྲོང་ཁྱེར་ཏེན་ཅང་རྫོང་ཨུད་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་དེ་ཀུང་སིར་བསྐྱོད་པ་དང་བཟོ་པ་དང་ཉེ་བཅར་གྱིས་གནས་ཚུལ་དངོས་འཚོལ་བཤེར་དང་སྙིང་གཏམ་ཉན་པ་རེད། སྡོད་ཁང་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོང་སོགས་སྡེ་ཚན་གྱིས་རྒྱུན་གཏན་གྱི་ལྟ་འདོམས་ལ་ཤུགས་སྣོན་བརྒྱབ་ནས། ཀུང་སིར་མ་དངུལ་གཏོང་སྤྲོད་ཀྱི་ཐབས་ལམ་ཚད་ལྡན་དུ་གཏོང་བ་དང་ཆེད་དོན་ཁག་ཐེག་དངུལ་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ་ཁོར་ཡུག་གཙང་སྦྲ་བའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ད་དུང་དུས་བཀག་ལྟར་ལྟ་སྐུལ་དང་བསྐྱར་དུ་བཅར་འདྲིར་བསྐྱོད་དེ་ཁོར་ཡུག་གཙང་སྦྲ་བའི་ཁེ་དབང་སྲུང་སྐྱོང་དྲ་བ་ཚགས་དམ་དུ་བཏང་ཡོད།

     སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཧྲན་ཤིས་ཞིང་ཆེན་ཅིན་ཀྲུང་གྲོང་ཨུད་ཀྱི་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་སྒྲུབ་ཚན་ཁག་གིས་གཞི་རིམ་མང་ཚོགས་ཀྱི་འཐུས་མི་སོགས་སྒྲིག་འཛུགས་ཐེངས་མང་བྱས་ནས་དམངས་ཆེད་བྱ་བ་དངོས་སྒྲུབ་པའི་བསམ་འཆར་བསྡུ་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། དེའི་ནང་ལས་ཞུགས་གསར་པའི་ཚོགས་སྤྱིར་དམིགས་ཏེ་ཅིན་ཀྲུང་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་པའི་འདུ་གནས་དང་ཁེ་ལས་ཀྱི་ལས་ཚིགས་སོགས་མཐུན་སྦྱོར་བེད་སྤྱོད་ཧུར་ཐག་བྱས་ནས། ས་ཚིགས་400ལྷག་ཙམ་ཚད་གཞི་མཐོ་པོས་བཏོད་དེ་དྲོ་སྐྱིད་ལྡན་པའི་ཞབས་ཞུ་རབ་དང་རིམ་པ་བསྒྲུབས་ཡོད།