རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསམ་འཆར་བཀྲམ་ནས།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་11ཉིན། 13:39】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《“ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”གཙོ་གནད་དོན་ཚན་རྒྱུན་རྣམ་ཅན་གྱི་སྐུལ་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ནས། སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་། སྲིད་འཛིན་ལས་ཆོད་ཆེ་རུ་གཏོང་བ། རྒྱུན་རྣམ་ཅན་གྱི་སྐུལ་སྤེལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཀྱི་ཐད་བཀོད་སྒྲིག་བྱས་པ་རེད།
《བསམ་འཆར》ནང་ནན་བཤད་བྱས་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ། “ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”སྣེ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་བྱེད་པ། གཙོ་གནད་ལས་དོན་གྱི་གསལ་ཐོ་དོ་དམ་དང་རྒྱུན་རྣམ་ཅན་གྱི་ལག་བསྟར་ལ་སྐུལ་འདེད་གཏོང་བ། ཁྱབ་ཁོངས་དེ་བས་མང་བ་དང་ཁྱབ་རྒྱ་དེ་བས་ཆེ་བའི་སྡེ་ཚན་གྱི་མཐུན་སྦྱོར་དང་ཞབས་ཞུ་འདུས་གྲུབ་ལ་ཤུགས་སྣོན་རྒྱག་པ། སྲིད་གཞུང་གི་བཅོས་སྐྱོང་ནུས་པ་སྤྱི་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་ཁྲིད་བྱེད་པ། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ། ཁེ་ལས་དང་མང་ཚོགས་ཀྱི་ཐོབ་སྣང་ཆེ་རུ་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།
《བསམ་འཆར》ནང་ཕྱོགས་བཞིའི་ཐད་ཀྱི་གཙོ་གནད་ལས་འགན་བཏོན་པ་སྟེ། གཅིག་ནས་གཙོ་གནད་ལས་དོན་གྱི་གསལ་ཐོའི་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་། གཉེར་སྐྱོང་བྱེད་པོ་དང་མི་སྒེར་གྱི་ཚེ་སྲོག་འཁོར་ཡུན་ཧྲིལ་པོའི་གཙོ་གནད་དོན་ཚན་གྱི་སྤྱིའི་གསལ་ཐོ་ཁ་གསལ་བཟོ་བ། ལོ་འཁོར་གྱི་གཙོ་གནད་དོན་ཚན་གྱི་གསལ་ཐོ་ཁྱབ་བསྒྲགས་བཅས་བྱས་ནས་ཁྱད་ཆོས་ལྡན་པའི་དོན་ཚན་གྱི་གསལ་ཐོ་འཚོལ་ཞིབ་བྱས་ཏེ་བཟོ་རྒྱུར་ལྕག་སྐུལ་བྱེད་དགོས་པ་དང་། གཉིས་ནས་གཙོ་གནད་དོན་ཚན་གྱི་རྒྱུན་རྣམ་ཅན་གྱི་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། གཙོ་གནད་དོན་ཚན་གྱི་ལས་སྒོའི་བརྒྱུད་རིམ་ལེགས་སུ་གཏོང་བ། དྲ་ཐོག་ལས་སྒྲུབ་མ་ལག་འཛུགས་པར་སྤྱི་འདོམས་བྱེད་པ། དྲ་ཕྱིའི་ལས་སྒྲུབ་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། སྲིད་དོན་གྲངས་གཞི་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། “མི་ཐབས་རིག་ནུས་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ”བྱ་ཐབས་འཚོལ་ཞིབ་དང་སྤེལ་བ་བཅས་བྱས་ནས་སྤྱོད་མཁན་གྱི་ཉམས་ལེན་དང་གདེང་འཇོག་ཚུར་ལན་ལ་མཐོང་ཆེན་བྱེད་དགོས་པ། གསུམ་ནས“ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”ཉེར་སྤྱོད་ཁྱབ་ཁོངས་རྒྱ་སྐྱེད་གཏོང་བ་དང་། “བྱ་བ་རིགས་གཅིག་པའི”ཞབས་ཞུ་འདུས་གྲུབ་ཅན་ལ་སྐུལ་འདེད་གཏོང་བ། ཕྱོགས་བསྡུས་ལྟ་འདོམས་ཀྱི་སྤུས་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས་སྲིད་དོན་འཁོར་སྐྱོད་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས་པ། བཞི་ནས་སྒྲིག་འཛུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ལས་རིགས་མཛུབ་ཁྲིད་དང་སྡེ་ཚན་བརྒལ་བའི་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཆེན་རིམ་པའི་སྤྱི་འདོམས་དང་གཞི་རིམ་གསར་གཏོད་ལ་མཐོང་ཆེན་བྱེད་པ། ལམ་ལུགས་དང་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་སྒོའི་མཛུབ་ཁྲིད་དང་དྲིལ་བསྒྲགས་ཁྲིད་སྟོན་ཡག་པོ་བྱེད་དགོས་པ་བཅས་རེད།
《བསམ་འཆར》ནང་བསྟན་དོན། ལེགས་བསྡུས་ནུས་ཆེ་དང་སྤྱི་ཡོངས་འཆར་འགོད་མཐའ་འཁྱོངས་ཀྱིས་རྒྱུ་ནོར་སྙོམ་སྒྲིག་མཉམ་སྤྱོད་ལ་ཤུགས་སྣོན་བརྒྱབ་སྟེ། ཕན་འབྲས་ཆུང་བ་དང་། བེད་མེད་དུ་འཇོག་པ། རྒྱས་སྤྲོས་འཕྲོ་བརླག་གཏོང་བ་བཅས་སྔོན་འགོག་བྱེད་པ་དང་། སྲིད་དོན་ཞབས་ཞུའི་ཁྲོད“ངོ་སོའི་ལས་གྲྭ”འགོག་བཅོས་དང་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། སྤྱི་འདོམས་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་མི་ཐབས་རིག་ནུས་ཀྱི་དཔེ་དབྱིབས་ཆེན་པོ་སོགས་ལག་རྩལ་གསར་པ་སྲིད་དོན་ཞབས་ཞུའི་ཁྱབ་ཁོངས་སུ་བེད་སྤྱོད་བྱ་རྒྱུར་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། རྒྱལ་ཡོངས་གཞི་གཅིག་ཅན་གྱི་དྲ་ཐོག་སྲིད་དོན་ཞབས་ཞུའི་ལས་སྟེགས་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། འབྲེལ་ཡོད་ལས་སྒོའི་མ་ལག་ལེགས་བསྡུས་བསྡུ་སྒྲིལ་དང་ཕན་ཚུན་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་འགོག་སྲུང་ནུས་པའི་ཆུ་ཚད་མཐོ་རུ་གཏོང་དགོས།
《བསམ་འཆར》ནང་བླང་བྱ་བཏོན་དོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཚན་གྱིས་ལས་རིགས་དེ་ག་དང་ཁྱབ་ཁོངས་དེ་གའི་གཙོ་གནད་དོན་ཚན་ལ་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་དང་བཀོད་དོན་མཉམ་འགུལ་བྱེད་ཤུགས་ཆེ་རུ་བཏང་སྟེ། ལས་རིགས་དང་ཁྱབ་ཁོངས་དེ་ག་དང་འབྲེལ་བ་ཡོད་པའི“དོན་དག་གཅིག”གི་ཚད་གཞི་གཅིག་གྱུར་དང་ལས་སྒོ་མཐུན་སྦྱོར་ཡོང་བར་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་མི་དམངས་སྲིད་གཞུང་གིས་ས་ཁུལ་དེ་གའི“ལས་ཆོད་ཆེན་པོས་དོན་དག་གཅིག་སྒྲུབ་པའི”དོན་ཚན་ལ་སྤྱི་འདོམས་ངང་སྐུལ་འདེད་གཏོང་བ་དང་། སྡེ་ཚན་གྱི་ལས་བགོས་ཁ་གསལ་བཟོ་བ། ཕྱོགས་བསྡུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རྗེས་སྙེག་སྒྲུབ་སྐུལ་དང་གསར་གཏོད་སྐུལ་ལྕག་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་རྫོང་རིམ་པའི་སྲིད་དོན་ཞབས་ཞུའི་དོ་དམ་སྡེ་ཚན་གྱིས་ཐད་ཀར་ཁེ་ལས་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལེགས་ཆ་འདོན་པར་མཐོང་ཆེན་བྱས་ཏེ། གསར་གཏོད་རང་བཞིན་གྱི་སྒོ་ནས་གཙོ་གནད་དོན་ཚན་གཞི་རིམ་གྱི་འཐབ་ས་དང་པོར་ལག་ལེན་བསྟར་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།