འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་11ཉིན།

༄༅།།བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་11ཉིན། 13:36】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་ཁྲང་ཧྲ་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ཟླ་7ཚེས་8ཉིན། ཧུའུ་ནན་ཞིང་ཆེན་ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔའི་ཏང་ཙུའི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཡུང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་བཅད་ཁྲ་ཡོངས་བསྒྲགས་བྱས་ཤིང་། ལྐོག་རྔན་བླངས་པའི་ཉེས་པ་བསགས་པར་གཞིགས་ནས་ཞུ་སྦྱོར་ཕྱི་མ་ཝང་ཡུང་ལ་སྲོག་ཁྲིམས་གཅོད་རྒྱུ་དང་དུས་བཀག་ལོ་གཉིས་ནར་འགྱངས་བྱ་རྒྱུ་མ་ཟད། ཚེ་གང་གི་ཆབ་སྲིད་དབང་ཆ་འཕྲོག་རྒྱུ་དང་མི་སྒེར་གྱི་རྒྱུ་ནོར་ཚང་མ་གཞུང་བཞེས་གཏོང་རྒྱུའི་ཁྲུན་ཐག་བཅད་པ་རེད། ཝང་ཡུང་གིས་ལྐོག་རྔན་བླངས་ནས་ཐོབ་པའི་གྱོད་འབྲེལ་རྒྱུ་དངོས་དང་དེ་ལས་འཕེལ་བའི་སྐྱེད་ཀ་སློག་ཏུ་བཅུག་པ་རྣམས་ཁྲིམས་ལྟར་རྒྱལ་མཛོད་ནང་འཇུག་རྒྱུ་དང་མི་ཚང་བའི་རིགས་ཡོད་ཚེ་མུ་མཐུད་འདེད་ལེན་བྱ་རྒྱུ་རེད།

      ཞིབ་གཅོད་མཐའ་གསལ་བྱས་པ་བརྒྱུད། 2007ལོ་ནས་2023ལོ་བར། ཞུ་སྦྱོར་ཕྱི་མ་ཝང་ཡུང་གིས་དམངས་སྤྱོད་མཁའ་འགྲུལ་ལྷོ་ནུབ་ས་ཁུལ་དོ་དམ་ཅུས་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་དང་། དམངས་སྤྱོད་མཁའ་འགྲུལ་ཀུའེ་ཀྲོའུ་བདེ་འཇགས་ལྟ་འདོམས་ཅུས་ཀྱི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཅུས་ཀྲང་། ཀུའེ་ཀྲོའུ་ཞིང་ཆེན་གནམ་ཐང་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་དང་ཀུའེ་དབྱང་ལུང་ཏུང་པའོ་རྒྱལ་སྤྱིའི་གནམ་ཐང་གི་དུས་ཐེངས་གསུམ་པའི་རྒྱས་སྐྲུན་ལས་གྲྭའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་གཅིག་ལྕོགས་སོགས་ཀྱི་འགན་འཁུར་རིང་། གོ་གནས་ཀྱི་སྟབས་བདེ་དང་དེ་བཞིན་འགན་དབང་ངམ་གོ་གནས་ཡོད་པའི་སྟབས་བདེ་སྤྱད་དེ། འབྲེལ་ཡོད་ཚན་པ་དང་མི་སྒེར་ལ་ལས་གྲྭ་འགན་གཙང་ལེན་རོགས་བྱས་ནས་རྒྱུ་དངོས་བསྡོམས་འབོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་2.71ལྷག་ཙམ་ཁྲིམས་འགལ་ངང་བླངས་པ་རེད།

     ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཝང་ཡུང་གི་བྱེད་སྤྱོད་དེ་ལྐོག་རྔན་བླངས་པའི་བྱས་ཉེས་ཀྱི་ཚད་དུ་སླེབས་པས་ཁྲིམས་ལྟར་ཆད་པ་གཅོད་དགོས་ངེས་ཡིན་པའི་ངོས་འཛིན་བྱས་པ་རེད། ཝང་ཡུང་གིས་ལྐོག་རྔན་བླངས་པའི་གྲངས་འབོར་ཤིན་ཏུ་ཆེ་བས་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་ལ་གྱོང་གུན་ཧ་ཅང་ཚབས་ཆེན་བཟོས་ཡོད། ཝང་ཡུང་ཁྲིམས་ལ་སྦྱར་རྗེས་ཁོ་པས་གྱོད་གཞིའི་ཁུངས་སྣེ་གལ་ཆེན་གཞན་དག་མཁོ་འདོན་བྱས་པ་བདེན་དཔང་ར་སྤྲོད་བྱས་པ་བརྒྱུད་དོན་དངོས་ཡིན་པས། བྱས་རྗེས་ཆེན་པོ་བཞག་ཡོད་པ་དང་། ཁོ་པས་ལྐོག་རྔན་བླངས་པའི་ཉེས་གསོག་ཁྲོད་བྱས་ཉེས་མ་གྲུབ་པའི་སྣང་ཚུལ་ཡོད་པ། ནག་ཉེས་ཇི་མ་ཇི་བཞིན་ངོས་ལེན་ཞུས་པ། གྱོད་སྒྲུབ་ལས་ཁུངས་ཀྱིས་རྩད་མ་ཆོད་པའི་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་མང་ཆེ་བ་རང་འགུལ་ངང་ངོས་ལེན་ཞུས་པ། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ། བླངས་པའི་ལྐོག་རྔན་ཧུར་ཐག་བསློགས་པ། ལྐོག་ཏུ་བླངས་པའི་རྒྱུ་དངོས་དང་དེ་ལས་འཕེལ་བའི་སྐྱེད་ཀ་ཁག་གཅིག་ཕྱིར་བསློགས་པ་བཅས་ལ་གཞིགས་ནས་ཁྲིམས་བཀོད་དང་བབ་བསྟུན་གྱིས་ཆད་པ་གུ་ཡངས་གཏོང་ཆོག་པས། ཁོ་པར་སྲོག་ཁྲིམས་བཅད་རུང་འཕྲལ་མར་ལག་བསྟར་བྱ་རྒྱུ་མིན་པས། ཁྲིམས་ཁང་ནས་གོང་གསལ་གྱི་དཔྱད་མཚམས་བཏང་བ་ཡིན།

     ཤེས་རྟོགས་བྱུང་བར་གཞིགས་ན། ཁྲེན་ཀྲོའུ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་2025ལོའི་ཟླ་5ཚེས་15ཉིན་ཡོངས་བསྒྲགས་ངང་ཁྲིམས་ར་འཚོགས་ནས་གྱོད་གཞི་དེར་འདྲི་ཞིབ་བྱས་པ་རེད། ཁྲིམས་རར་འདྲི་ཞིབ་བྱེད་སྐབས་ཞིབ་དཔྱོད་ལས་ཁུངས་ཀྱིས་འབྲེལ་ཡོད་དཔང་རྟགས་བཏོན་པ་དང་། ཞུ་སྦྱོར་ཕྱི་མ་ཝང་ཡུང་དང་དེའི་དག་འབུད་པས་ངོ་ཐུག་ར་སྤྲོད་བྱས་པ། ཞུ་གཏུག་དང་དག་འབུད་བྱེད་མཁན་ཕྱོགས་གཉིས་ཀྱིས་ཁྲིམས་རའི་གཙོ་སྐྱོང་འོག་བསམ་འཆར་ལྷུག་པོར་བཤད་པ། ཝང་ཡུང་གིས་མཐའ་མཇུག་གི་གསལ་བཤད་བྱས་པ་མ་ཟད། ཁྲིམས་རར་ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་རེད། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཨུ་ཡོན། གསར་འགྱུར་གསར་འགོད་པ། ལས་རིགས་ཁག་གི་མང་ཚོགས་བཅས་མི་40ལྷག་ཙམ་གྱིས་ཁྲིམས་རར་འདྲི་ཞིབ་ཟུར་ཉན་བྱས་པ་རེད།