འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་པོ་ཐུང་། ལི་ལིན་ཝུའེ།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་10ཉིན། 13:28】 ཡོང་ཁུངས།:མི་དམངས་དྲ་བ། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
འཛམ་གླིང་གི་ཡང་རྩེ་ཞེས་གྲགས་པའི་མཚོ་བོད་ས་མཐོར་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བ་དང་། ལ་ཀླུང་དུ་མ་བརྒྱབ་ནས་ས་བབ་མཐོ་ལ་གྲང་ངར་ཆེ་བ་དང་གསོ་རླུང་མི་འདང་བ་སོགས་ཁྱད་བསད་བྱས་ཏེ་མཚོ་བོད་ཀྱི་ས་ཆ་གང་སར་བསྐྱོད་པ་དང་བརྩེ་བ་ཟབ་མོ་བཅངས་བཞིན་དུ་ཕུགས་འདུན་སྒྲུབ་རོགས་བྱེད་མཁན་གྱི་དཔུང་ཁག་ཅིག་ཡོད།
འདི་ནི་ཀོང་ཏུང་ཞིང་ཆེན་ཧུའེ་ཀྲོའུ་གྲོང་ཁྱེར་གྱིས་སྐྲུན་རོགས་བྱས་པའི་སྣང་རྫོང་གི་ཧུའེ་ཀྲོའུ་ཟམ་ཆེན་ཡིན་པ།
ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། 2022ལོའི་ཟླ་7པ་ནས་བཟུང་། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་པུའུ་ཨུད། དེ་བཞིན་མི་དམངས་ཚོགས་པ། ཀྲུང་དབྱང་ཁེ་ལས་བཅས་ནས་ཡོང་བའི་བོད་སྐྱོར་ཁག་བཅུ་པའི་ལས་བྱེད་ཤེས་ལྡན་པ་2117དང་མཚོ་སྐྱོར་ཁག་ལྔ་པའི་ལས་བྱེད་ཤེས་ལྡན་པ་441བོད་དང་མཚོ་སྔོན་དུ་ལས་དོན་སྒྲུབ་པར་ཡོང་བ་རེད།
ལོ་གསུམ་རིང་། རྒྱ་ཆེའི་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་དང་མཚོ་སྔོན་གྱི་ལས་དོན་སྐོར་གྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། ས་མཐོར་རྩ་བ་ཚུགས་ནས་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་ཕུལ་བ་དང་། བོད་དང་མཚོ་སྔོན་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཐུན་སྒྲིལ་འབད་འཐབ་ཀྱིས་བོད་དང་མཚོ་སྔོན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་ཡོད།
དཀའ་སྤྱད་དངོས་སྒྲུབ་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་སྔར་བས་ལེགས་པ་ཐོབ་པར་བྱས་པ།
བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་དགའ་སྡོང་གྲོང་རྡལ་ཨ་ཡ་གྲོང་ཚོའི་ཤིང་འབྲས་དང་སྔོ་ཚལ་དྲོད་ཁང་ཆེན་པོར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། “ན་ནིང་ཟླ་བརྒྱད་པར་དྲོད་ཁང་ཆེན་པོ་འགན་གཙང་བླངས་པ་ནས་བཟུང་། ངས་ཤིས་ཀྭ་དང་སུར་པན་བཏབ་པར་ཁེ་བཟང་སྒོར་ཁྲི་1ལྷག་ཙམ་བྱུང”ཞེས་ཡུལ་མི་ཚེ་དངོས་ཀྱིས་དགའ་ཚོར་ཆེན་པོས་བཤད།
ལོ་འདི་དག་ནང་ཧྲན་ཏུང་གི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་པ་སྣམ་རྫོང་གི་ཤིང་འབྲས་དང་སྔོ་ཚལ་སྐད་གྲགས་ཇེ་ཆེར་ཕྱིན་ཡོད། “སྲོལ་རྒྱུན་གྱི་ཞོག་ཁོག་དང་། ལ་ཕུག པད་ཚལ་བཅས་ནས་ད་ལྟའི་ཤིས་ཀྭ་དང་། འབྲི་ཏ་ས་འཛིན། ཧྲེང་ཉུས་གོ་བཅས་བཏབ་པའི་བར། ང་ཚོས་དྲོད་ཁང་ཆེན་པོའི་འདེབས་འཛུགས་ཐོན་ལས་འཕེལ་རྒྱས་བཏང་བ་མ་ཟད། ཡུལ་མིར་ལག་རྩལ་མཛུབ་ཁྲིད་དང་ཐོན་ཚོང་སྦྲེལ་མཐུད་སོགས་ཀྱི་ཞབས་འདེགས་ཞུས་ནས་ཨ་ཡ་གྲོང་ཚོར་ཤིང་འབྲས་དང་སྔོ་ཚལ་འདེབས་འཛུགས་པ་30ལྷག་ཙམ་གསོ་སྐྱོང་བྱས་ཡོད”ཅེས་ཧྲན་ཏུང་གི་བོད་སྐྱོར་ལས་བྱེད་པ་དང་གཞིས་རྩེ་གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཡུས་ལི་ཡུང་གིས་བཤད།
2021ལོའི་ཟླ་7པར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་མཚམས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་བོད་སྐྱོར་ལས་བྱེད་པའི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་ཞིང་། ཁོང་གིས“བོད་སྐྱོར་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བླ་ན་མེད་པའི་སྙིང་སྟོབས་ཤིག་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ཞིག་རེད། གསོ་རླུང་དཀོན་རུང་སྙིང་སྟོབས་མི་ཉམས་པར་བྱེད་པའི་སྙིང་སྟོབས་དེ་ནི་གསར་བརྗེའི་ཕུགས་བསམ་དགུང་ལས་མཐོ་བ་དེ་ཡིན། ཁྱེད་ཚོ་ས་མཐོར་ཡོད་པས་སྙིང་སྟོབས་ས་མཐོ་ལས་མཐོ་བ་ཡོད། ལས་དོན་འདི་ངེས་པར་དུ་རིམ་པ་བཞིན་རྒྱུན་འཛིན་དང་མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱེད་དགོས”ཞེས་གསུངས་པ་རེད།
བོད་སྐྱོར་དང་མཚོ་སྐྱོར་གྱི་རྒྱ་ཆེའི་ལས་བྱེད་ཤེས་ལྡན་པས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ཏེ། ལག་རྩལ་དམར་ཁྲིད་ཀྱིས་ཐོན་ལས་ལ་དམ་འཛིན་ཡག་པོ་བྱས་ཤིང་། གཞན་རྟེན་དང་རང་རྟེན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ཏེ་ས་གནས་དེ་གའི་ཐོན་ཁུངས་དང་ཐོན་ལས་ལ་གཞི་ཚུགས་ནས་དངོས་སྒྲུབ་ཐེག་འཁུར་དང་། བྱས་རྗེས་ཧུར་ཐག་འཇོག་པ། ཡུལ་བབ་དང་བསྟུན་ནས་ཐོན་ལས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་བློ་རིག་ལ་བརྟེན་ནས་བོད་སྐྱོར་དང་མཚོ་སྐྱོར་བྱས་ཡོད།
ཅང་སུའུ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས“སྐལ་བཟང་མེ་ཏོག་རབ་ཏུ་བཞད”ཅེས་པའི་ཐོན་ལས་གླིང་སོགས་བྱེད་ནུས་ཁུལ་གྱི་རིམ་སྤོར་ལ་རམ་འདེགས་བྱས་པ་དང་། ཨན་ཧུའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས་རྒྱབ་སྐྱོར་བྱས་ཏེ་ཚགས་ཤ་སྐམ་པོའི་ཐོན་ལས་དང་ཀུ་ཤུ་དང་འབྲུ་སེའུ་སྔོན་པོ་ལས་སྣོན་ཞིབ་ཚགས་ཐོན་ལས་སོགས་སྐྱེད་སྲིང་བྱས་པ། ཧྲའན་ཤིས་ཀྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཞིང་ལས་མཐོ་སློབ་ཀྱི་ཐོན་ཁུངས་ལེགས་ཆ་མཐུན་སྦྱོར་བྱས་ཏེ་ཀྭ་རིགས་དང་། ཤིང་ཏོག སྔོ་ཚལ་སོགས་སྣ་ཁ་གསར་པ་54ནང་འདྲེན་བྱས་པ། ཧྥུའུ་ཅན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཆབ་མདོའི་ཐོན་ཁུངས་དང་ཐོན་ལས་ལ་གཞི་ཚུགས་ནས“གྲོང་ཁྱེར་དང་རྫོང་གིས་མཉམ་འགུལ་དང་རྫོང་ཚང་མར་ཁྱད་ཆོས་ཡོད་པའི”ཐོན་ལས་བོད་སྐྱོར་གྱི་བཀོད་པ་བཏོད་པ། ཀྲེ་ཅང་གི་མཚོ་སྐྱོར་ལས་དོན་རུ་ཁག་གི་མཚམས་སྦྱོར་འོག ཀྲེ་ཅང་གི་ཚོང་པ་ཁག་གཅིག་མཚོ་སྔོན་དུ་ཡོང་ནས་མ་འཇོག་གི་གྲོས་མཐུན་བཞག་པ། ཚན་རྩལ་པུའི་མཚོ་སྐྱོར་ལས་བྱེད་པས་ཝུའུ་ལམ་རྫོང་དུ་གྲང་ཁུལ་གྱི་ཤ་སྨི་འབྲུག་དབྱིབས་མ་རྫིང་བུར་གསོ་ཚགས་བྱེད་པའི་རྣམ་གྲངས་ལག་ལེན་བསྟར་བར་སྐུལ་འདེད་བཏང་བ་སོགས་བྱས་ཡོད།
བོད་ལྗོངས་ལྷོ་ཁར་ཧུའུ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་གསར་གཏོད་ལས་སྟེགས་འཛུགས་པ་དང་། ལག་རྩལ་གྱི་དཀའ་གནད་སེལ་བ། ཚན་རྩལ་ཁེ་ལས་གསོ་སྐྱོང་བཅས་བྱས་པ་དང་། མཚོ་སྔོན་མཚོ་བྱང་དུ་ཧྲན་ཏུང་གི་མཚོ་སྐྱོར་ལས་དོན་རུ་ཁག་གིས་ཞིང་འབྲོག་ལས་མཐོ་རིམ་རིགས་གཅིག་མཁས་ཅན་འདེམས་སྒྲུག་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ཞིང་འབྲོག་ལས་གསར་གཏོད་ཚོགས་པ་བཙུགས་པ། མཚོ་སྔོན་ཡུལ་ཤུལ་དུ་པེ་ཅིང་གི་མཚོ་སྐྱོར་ལས་དོན་རུ་ཁག་གིས་གཙང་གསུམ་ཆུ་འགོའི་ཞིབ་འཇུག་ཁང་འཛུགས་སྐྲུན་དང་། རིགས་གཅིག་མཁས་ཅན་གྱི་ཇུས་འདོན་ཚོགས་པ་དང་སྤེལ་རེས་མཉམ་ལས་ལས་སྟེགས་འཛུགས་པའི་ནང་ཞུགས་པ། མཚོ་སྔོན་རྨ་ལྷོར་ཐེན་ཅིན་གྱི་མཚོ་སྐྱོར་ལས་དོན་རུ་ཁག་གིས་ལས་བྱེད་པ་གསོ་སྦྱོང་དང་། ཤེས་ལྡན་པ་གསོ་སྐྱོང་སོགས་རོགས་སྐྱོར་རྣམ་གྲངས་ལག་ལེན་ཧུར་ཐག་བསྟར་ནས་རོགས་སྐྱོར་བྱ་ཡུལ་དུ་ནམ་ཡང་གནས་ཐུབ་པའི་ཤེས་ལྡན་པའི་དཔུང་ཁག་ཅིག་བཏོད་ཡོད།
འདི་ནི་ཡུལ་སྐོར་བས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གཅིག་སྒྲིལ་རྫོང་སྨིན་ཐང་ཤང་ཁོངས་གཏོགས་ཀྱི་རྨ་ཆུའི་ཁུག་སོ་དང་པོར་ཡུལ་སྐོར་བྱས་ནས་པར་རྒྱག་བཞིན་ཡོད་པ་དང་། མཛེས་ལྗོངས་ཁུལ་དེ་ནི་ཧྲང་ཧའེ་མཚོ་སྐྱོར་ཚོགས་པས་བསྐྲུན་པ་ཞིག་རེད།
ལོ་3རིང་རོགས་སྐྱོར་བྱེད་མཁན་ཕྱོགས་ཀྱིས་རྗེས་སྙེགས་དོ་ཁུར་དང་སྲིད་ཇུས་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ། བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པས་ལས་དོན་ཡག་པོ་སྒྲུབ་པར་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། རོགས་སྐྱོར་བྱ་ཡུལ་གྱིས་དོ་དམ་ཞབས་ཞུའི་འབྲེལ་ཡོད་བྱ་ཐབས་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་བྱས་ཏེ་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པས“ལས་འགན་དངོས་སུ་འཁུར་བ་དང་། ལས་བགོས་དངོས་སུ་རྒྱག་པ། འགན་འཁྲི་དངོས་སུ་འཁུར་བ”བཅས་མཐའ་འཁྱོངས་བྱེད་པར་ལས་སྒྲུབ་ལས་གཏོད་ཀྱི་ལས་སྟེགས་ཆེན་པོ་བསྐྲུན་ཡོད། རྒྱ་ཆེའི་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་གཏིང་ཟབ་བསྟར་བ་དང་དགེ་མཚན་ལྡན་པའི་ཁྱད་ཆོས་བཏོན་ཏེ། རོགས་སྐྱོར་བྱ་ཡུལ་གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་དང་འཕེལ་རྒྱས་གཏོང་སྟངས་འགྱུར་ལྡོག་གཏོང་བར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོམ་པ་བརྟན་པོ་སྤོས་ཡོད།
ས་མཐོར་བརྩེ་བ་ཟབ་མོ་བཅངས་ནས་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཞག་པ།
ནམ་མཁའ་གཡའ་དག་ཅིང་སྤྲིན་དཀར་དལ་གྱིས་རྒྱུ། བོད་ལྗོངས་དིང་རི་རྫོང་ཟིང་དཀར་གྲོང་ཚོར་སྟབས་བདེའི་ཁང་པ་གྲལ་སྟར་འགྲིག་པོར་བསྐྲུན་ཞིང་། “འདི་གར་ཆུ་དང་། གློག དྲ་བ་བཅས་ཚང་མ་ཡོད་པས་སྟབས་བདེ་པོ་འདུག འཆར་འགོད་ལྟར་ན་ཁང་པ་གསར་པར་སྨི་ངོས་གྲུ་210ཡོད་བཟོ་འདུག ང་ཚོ་ཚང་མས་ཁང་པ་གསར་པར་སྤོ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད”ཅེས་ཡུལ་མི་བློ་བཟང་གིས་བཤད།
ད་ལོའི་ཟླ་1ཚེས་7ཉིན། དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་ནས་ཟིང་དཀར་གྲོང་ཚོའི་སྡོད་ཁང་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པར་བརྟེན། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་མགྱོགས་མྱུར་གེགས་ཁུལ་དུ་བསྐྱོད་དེ་གེགས་སེལ་ཐག་གཅོད་དང་སྨན་བཅོས་འགན་སྲུང་སོགས་ཀྱི་ལས་དོན་ནང་ཞུགས་ཤིང་། ཟླ་3པར་ཟིང་དཀར་གྲོང་ཚོ་ཧྲིལ་པོའི་གེགས་རྗེས་བསྐྱར་སྐྲུན་གྱི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་ཧྲང་ཧའེ་ཡི་བོད་སྐྱོར་ལས་དོན་རུ་ཁག་གིས་ལས་དོན་གྱི་ཆེད་སྒྲུབ་ཚན་ཁག་བཙུགས་ནས་སྐུལ་འདེད་ལ་མཐུན་སྦྱོར་སྤྱི་འདོམས་བྱས་ཡོད།
ཏང་ཀྲུང་དབྱང་གི་ཐུགས་ཁུར་དེ་མི་རིགས་ཁག་གི་མང་ཚོགས་ཀྱིས་ཚོར་བ་དང་ཁོང་ཚོའི་སེམས་པ་དྲོད་པར་བྱས་ཤིང་། ལོ་གསུམ་རིང་། རྒྱ་ཆེའི་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱས་ནས། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩིས་ཏེ་ལྷག་བསམ་རྣམ་དག་ངང་བྱ་བ་དངོས་སྒྲུབ་པ་དང་། བྱ་བ་བཟང་པོ་སྒྲུབ་པ། དཀའ་ངལ་ཐག་གཅོད་བཅས་བྱས་པས། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་དང་ཆབ་སྲིད་ཀྱི་རྨང་གཞི་སྔར་བས་བརྟན་དུ་ཕྱིན་ཡོད།
མཚོ་སྔོན་གཅན་ཚ་རྫོང་གི་བདེ་སྐྱིད་གྲོང་ཚོར་རྨ་ཆུ་སྔོན་མོ་གྱ་གྱུར་དུ་བཞུར་བ་དང་རི་བོ་ཚར་དུ་དངར་བ་ནི་སྙན་ངག་དང་རི་མོ་བཞིན་ཡིད་དུ་འོང་། ལམ་འགྲམ་གྱི་ཁང་པ་ཉིས་ཐོག་དེ་རྟ་བྷའི་ཞིང་ཁྱིམ་སྤྲོ་སྐྱིད་ཁང་རེད།
“གཅེན་པོ་རྟ་བྷ། ཉེ་ཆར་ཚོང་གཉེར་ཐད་དཀའ་ངལ་འདུག་གམ” ཆར་སིམ་ཁྲོད་ཀྲུང་གོ་ཧྭ་ནེང་ཚོགས་པའི་མཚོ་སྐྱོར་ལས་བྱེད་པ་གཅན་ཚ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གཞོན་པ་ལིན་ཐུང་ཤར་རེར་ནང་དུ་འཛུལ།
“ཁྱེད་ཚོས་གསོ་སྦྱོང་བྱས་པའི་བཀའ་དྲིན་ལ་བརྟེན་ནས་ད་ཆ་བྱ་ཤ་དང་། སུར་པན་བཀྲག་མ། སུར་པན་ཤ་བརྔོས་སོགས་ཚང་མ་ང་རང་གིས་གཡོས་སྦྱོར་བྱེད་ཤེས་ཀྱི་ཡོད་ལ། ཚོང་ཡང་ཧ་ཅང་ཡག་པོ་འདུག”ཅེས་རྟ་བྷས་འཛུམ་དམུལ་དམུལ་ངང་བཤད།
བདེ་སྐྱིད་གྲོང་ཚོར་གནས་སྤོས་བྱས་རྗེས། 2018ལོར་རྟ་བྷས་ཞིང་ཁྱིམ་སྤྲོ་སྐྱིད་ཁང་གཉེར་བ་རེད། ཡུལ་སྐོར་བ་རིམ་བཞིན་ཇེ་མང་དུ་འགྲོ་བ་དང་བསྟུན་ནས་ཞིང་པའི་སྤྲོ་སྐྱིད་ཁང་གི་ཡིད་དབང་འགུག་ཤུགས་ཆེ་རུ་ཇི་ལྟར་གཏོང་དགོས་མིན་ལ་སེམས་ཁྲལ་བྱེད་སྐབས། ཁོང་གིས་ཀྲུང་གོ་ཧྭ་ནེང་ཚོགས་པའི་མཚོ་སྐྱོར་རྣམ་གྲངས་ཀྱི་རྒྱབ་སྐྱོར་ཡོད་པའི་རིན་མི་དགོས་པའི་གཡོས་སྦྱོར་གསོ་སྦྱོང་ལ་དོ་སྣང་བྱུང་།
མང་ཚོགས་ཀྱི་དགོས་མཁོ་གང་དུ་ཡོད་ན། ལས་བྱེད་ཤེས་ལྡན་པའི་བོད་སྐྱོར་དང་མཚོ་སྐྱོར་ལས་དོན་གྱི་གཙོ་གནད་དེ་གར་ཡོད། ལོ་གསུམ་རིང་། ཞིང་འབྲོག་ཁུལ་གྱི་བདེ་འཇགས་འཐུང་ཆུ་དང་། ཁོར་ཡུག་བཅོས་སྒྲིག འགྲོ་ལམ་འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་བར་དམིགས་ནས་བོད་སྐྱོར་ཁག་བཅུ་པས་རིམ་རྩིས་བརྒྱབ་ན་ཁྱོན་སྒོར་དུང་ཕྱུར་116ལྷག་ཙམ་བཏང་ནས་དམངས་འཚོའི་རྣམ་གྲངས་ཁག་1400ལྷག་ཙམ་ལག་བསྟར་བྱས་པ་དང་། མཚོ་སྐྱོར་ཁག་ལྔ་པས་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་14བཏང་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་རྣམ་གྲངས་ཁག་235ལག་བསྟར་བྱས་པས་ཞིང་འབྲོག་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།
ད་ལོའི་ཟླ་3པར་གསོན་ཉམས་ལྡན་པའི་མིག་གཅེས་ཚན་རིག་ཁྱབ་གདལ་གྱི་སློབ་ཚན་ཞིག་ཡུལ་ཤུལ་གྲོང་ཁྱེར་མི་རིགས་ཆ་ཚང་སློབ་ཆུང་གཉིས་པར་འཚོགས་པ་རེད། ལོ་གཅིག་ཀྱང་མ་སོང་བར་པེ་ཅིང་ཐུང་རེན་སྨན་ཁང་གི་མཚོ་སྐྱོར་མིག་ནད་ཚན་ཁག་གི་རིགས་གཅིག་མཁས་ཅན་དང་ཡུལ་ཤུལ་ཀྲོའུ་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གི་ཀྲུའུ་རེན་ཀུའོ་ཅིང་དང་ཁོང་གི་ཚོགས་པའི་ཁོངས་མི་རྣམས་ཀྱིས་ཡུལ་དེ་གའི་བྱིས་པར་བདེ་ཐང་ཡིག་ཚགས་ཁྲི་2ལྷག་ཙམ་བཟོས་ནས་འབྲོག་ཁུལ་གྱི་བྱིས་པ་ཚོའི“མཐོང་རྒྱ་གསལ་པོ”ཡོང་བར་བྱས་པ་རེད།
བོད་དུ་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་མཉམ་དུ་རྐང་ལག་ཡ་མ་གཟུགས་བརྟག་བཅོས་ལྟེ་གནས་དང་པོ་བཙུགས་ནས། ལྷན་སྐྱེས་རང་བཞིན་གྱི་རྐང་ལག་ཡ་མ་གཟུགས་ལ་སྔ་དུས་དབྱེ་བཤེར་དང་། སྤུས་ལེགས་བརྟག་བཅོས། ཆེད་ལས་གཤགས་བཅོས་བཅས་གཙོ་གནད་དུ་བྱས་པ་རེད།
ལོ་གསུམ་རིང་། སྨན་བཅོས་ཤེས་ལྡན་པས“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ཏན་ཏིག་སྤེལ་ཞིང་། ལེའོ་ཉིང་བོད་སྐྱོར་ལས་དོན་རུ་ཁག་གིས་ནག་ཆུའི་འབྲོག་པར་འོས་འགན་སྨན་བཅོས་ཀྱི་བློ་འདྲི་དང་སྨན་བཅོས་སྨན་སྐྱེལ་སོགས་ཀྱི་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། ཁྲུང་ཆིང་བོད་སྐྱོར་ལས་དོན་རུ་ཁག་གིས་རྒྱང་བསྟེན་ནད་དཔྱད་ལམ་སྲོལ་ལ་སྐུལ་འདེད་བཏང་ནས་རྩད་ཆོད་དཀའ་བའི་ནད་གཞི་བརྟག་བཅོས་བྱེད་པར་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱས་པ། ཧྲང་ཧའེ་དང་ཧྲན་ཏུང་གི་མཚོ་སྐྱོར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག མཚོ་སྔོན་མགོ་ལོག་ཀྲོའུ་མི་དམངས་སྨན་ཁང་དང་མཚོ་བྱང་ཀྲོའུ་མི་དམངས་སྨན་ཁང་གཉིས་པ་རིམ་གསུམ་སྨན་ཁང་དུ་རིམ་པ་སྤར་བ་སོགས་གངས་ལྗོངས་ས་མཐོར་མང་ཚོགས་ཀྱི་སྨན་བཅོས་སྟབས་བདེ་རུ་སོང་བ་དང་སྨན་བཅོས་འགན་སྲུང་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད།
ཅི་ལིན་ཞིང་ཆེན་པའེ་ཁྲེང་གྲོང་ཁྱེར་གྱི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་མཛེས་རྩལ་དགེ་རྒན་ཀྲང་ཡན་གྱིས་ཕྲུ་གུ་རྣམས་ལ་འཆར་སྒོ་ཡོངས་པོར་ཕྱེ་བར་མཛུབ་ཁྲིད་རྟག་ཏུ་བྱེད་ཀྱི་ཡོད་ཅིང་། “ང་ཚོས་ས་ཆ་འདི་གའི་དགེ་རྒན་དང་ཆ་སྒྲིག་བྱས་ཏེ་ཡོངས་བསྒྲགས་སློབ་ཚན་འཁྲིད་པ་དང་སློབ་གསོའི་འདུ་ཤེས་བགྲོ་གླེང་ཚོགས་འདུ་སྒྲིག་འཛུགས་བྱས་པ་བརྒྱུད། བོད་ཀྱི་ཕྲུ་གུ་ཚོར་དེ་བས་འཚམ་པའི་སློབ་ཁྲིད་བྱ་ཐབས་ལ་གྲོས་བསྡུར་བྱས་ནས་སློབ་པ་དང་སྦྱོང་བ་མཉམ་འཕེལ་ཡོང་བར་སྐུལ་འདེད་གཏོང་གི་ཡོད”ཅེས་ཁོང་གིས་བཤད།
རྣམ་པ་བསྒྱུར་བར་གཞི་རྩ་སློབ་གསོར་བརྟེན་དགོས། བོད་དུ་རོཌ་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17གྱིས“ཞིང་ཆེན་གྱིས་སློབ་གྲྭ་འགན་གཙང་ལེན་པའི”ཇུས་གཞི་བཟོས་ནས་རོགས་སྐྱོར་བྱ་ཡུལ་སློབ་གྲྭའི་ཕྱོགས་བསྡུས་སྟོབས་ཤུགས་དང་། དགེ་རྒན་གྱི་སློབ་ཞིབ་འཇོན་ཐང་། རིག་ཚན་འཕེལ་རྒྱས་ཀྱི་ཆུ་ཚད་བཅས་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ་དང་། མཚོ་སྔོན་དུ་མཐོ་སློབ་9ཡིས་མཚོ་སྔོན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་དང་མཚོ་སྔོན་ལས་རིཌ་ལག་རྩལ་སློབ་ཆེན་ལ་ཆ་སྒྲིག་རོགས་སྐྱོར་བྱས་པ་དང་འབྲེལ་སློབ་མ་ཐེངས་དང་པོ་བསྡུས་པ་དང་། “ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་བྱ་ཡུལ་མཐོ་འབྲིང་5ནས་དངོས་གཞིའི་ཚན་ཁག་ལ་རྒྱུགས་འཕྲོད་ཚད་70.93%བར་མཐོ་རུ་ཕྱིན་ནས་སློབ་གསོའི་ཤེས་ལྡན་པའི“ཚོཌ་སྒྲིག་རྣམ་པའི”རོགས་སྐྱོར་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
ལག་གདང་སྦྲེལ་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བ།
ལག་གདང་གཅིག་ཏུ་སྦྲེལ། སྤུན་ཟླའི་བརྩེ་བ་ཟབ། ཁོང་ཚོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ལས་དོན་ཁག་གི་གཙོ་རྐང་དུ་བརྩིས་ཏེ། ལྷག་བསམ་རྣམ་དག་གིས་སེམས་སྦྲེལ་ཟམ་པ་རེ་རེ་བཞིན་བརྒྱབ་པ་དང་མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་ཀྱི་འབྲེལ་ཐག་བཏོད་ཡོད།
རྒྱ་ཆེའི་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པའི་འབད་བརྩོན་འོག མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་པ་གཅིག་སྒྲིལ་དང་བློ་གཏད་བཅོལ་རེས་བྱེད་པ་དང་། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
ཧུའུ་ནན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས“ཧུའུ་ནན་དང་ལྷོ་ཁ་གཅིག་ཏུ་སྦྲེལ། སྐལ་བཟང་མེ་ཏོག་རབ་ཏུ་བཞད”ཧུའུ་ནན་དང་བོད་ཀྱི་གཞོན་ནུ་ལོ་ཆུང་གི་དབྱར(དགུན)སྒར་གྱི་སྤུས་རྟགས་བཏོད་པ་དང་། ཧོ་པེའི་བོད་སྐྱོར་ལས་དོན་རུ་ཁག་གིས་གཞོན་ནུ་ལོ་ཆུང་སྒྲིག་འཛུགས་བྱས་ནས་ཧོ་པེར་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བར་ཁྲིད་པ། མཚོ་སྐྱོར་ལས་དོན་རུ་ཁག་གི་སྒྲིག་འཛུགས་འོག ཡུལ་ཤུལ་གྱི་བོད་རིགས་གཞོན་ནུ་ལོ་ཆུང་གངས་ལྗོངས་ས་མཐོ་ནས་པེ་ཅིང་བཟོ་པའི་ལུས་རྩལ་ཐང་དུ“ཀྲུང་གོའི་རྐང་རྩེད་སྤོ་ལོའི་རིམ་འདས”འགྲན་བསྡུར་ལ་ལྟ་བར་བསྐྱོད་པ་དང་། ཐེན་ཅིན་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡི་རྐང་རྩེད་སྤོ་ལོ་བ་ཆུང་ཆུང་ཚོས་ས་མཐོར་འགྲན་བསྡུར་བྱེད་པ་ལ་སོགས་མི་རིགས་མཐུན་སྒྲིལ་གྱི་ས་བོན་གཞོན་ནུ་ལོ་ཆུང་གི་སེམས་སུ་བཏབ་ཡོད།
ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་མཚོ་སྐྱོར་ལས་བྱེད་པ་ཧྥུང་ཆིང་དབྱིས“གངས་ལྗོངས་ས་མཐོར་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་གླུ་ལེན་གར་འཁྲབ་བྱེད་པ་དང་། མཉམ་དུ་འཚོ་བ་སྐྱེལ་བ། མཉམ་དུ་ལས་ཀ་བྱེད་པ་བཅས་ཀྲུང་ཧྭ་མི་རིགས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི་ཚོར་སྣང་ཞིག་དངོས་སུ་ཡོང་གི་འདུག”ཅེས་བཤད།
“གསོ་རླུང་དཀོན་ཡང་སྙིང་སྟོབས་མི་ཉམས་པ་དང་། དཀའ་ཚེགས་ཆེ་ཡང་དཀའ་སྡུག་ལ་མི་སྐྲག་པ། ས་བབ་མཐོ་ཡང་བསམ་པའི་གོ་རྟོགས་དེ་བས་མཐོ” འཛམ་གླིང་ཡང་རྩེའི་ངོས་ནས་བརྗོད་ན། ས་བབ་ནི་ས་ཁམས་གནས་ཚད་ཀྱི་ཚད་རྟགས་ཙམ་མ་ཡིན་པར་དེ་བས་བསམ་པའི་མཐོ་ཚད་འཇལ་བྱེད་ཀྱི་ཚད་ཤིང་ལྟ་བུ་ཡིན། ལོ་གསུམ་རིང་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པས་ས་མཐོར་བརྩེ་བ་ཟབ་པའི་རྐང་རྗེས་བཞག་པ་དེ་ནི་ས་མཐོའི་ས་བབ་ཀྱི་མཚོན་རྟགས་གཞན་ཞིག་རེད།
མིག་སྔར། བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པ་ཁག་གསར་པ་རྒྱང་ལམ་གསར་པར་སྐྱོད་གྲབས་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག རྒྱ་ཆེའི་བོད་སྐྱོར་དང་མཚོ་སྐྱོར་ལས་བྱེད་ཤེས་ལྡན་པ་ཚོས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་དང་བསམ་བློ་གཅིག་ཏུ་གཏོང་བ་དང་ལས་ཀ་མཉམ་དུ་བྱས་ཚེ། གངས་ལྗོངས་ས་མཐོར་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་ངེས་རེད།