འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་8ཉིན།

མཚོ་སྔོན་གྱི་ཁྲལ་རིན་སྲིད་ཇུས་གནད་སྨིན་ཤུགས་དང་ལྡན་པ།

༄༅།།ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཁྱབ་འགྱེད་ སྐུལ་ཁྲིད་ནུས་པ་ཆེ་རུ་བཏང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་08ཉིན། 13:42】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཉེ་དུས་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ནས་གནས་ཚུལ་སྤེལ་བ་ལྟར་ན། 2024ལོ་ནས་བཟུང་མཚོ་སྔོན་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་བསྡུའི་སྲིད་ཇུས་གནད་སྨིན་དོན་འཁྱོལ་བྱས་ཏེ། སྲིད་ཇུས་ཀྱི་ཁེ་འབབ་ལ་བརྟེན་ནས“སྲིད་ཇུས་ཀྱིས་མཐུན་རྐྱེན་སྦྱོར་བ་དང་། ཐོན་ལས་གཅིག་སྡུད་བྱེད་པ། ནུས་རིམ་མཐོ་རུ་གཏོང་བ”བཅས་ཀྱི་འཕེལ་རྒྱས་ཀྱི་འཁོར་རྒྱུག་བཟང་པོ་ཡོང་བར་སྐུལ་འདེད་བཏང་ཡོད། སྲིད་ཇུས་ཀྱི་སྐུལ་ལྕག་དང་ཁྲོམ་རའི་དགོས་མཁོ་གཉིས་ཀྱི་སྐུལ་འདེད་འོག་མཚོ་སྔོན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

      རྩིས་ནུས་ལ་མ་དངུལ་བཏང་བའི་ཐད་ནས་བལྟས་ན། 2024ལོར་ཞིང་ཆེན་ཡོངས་ཀྱི་རྩིས་ནུས་ཐོན་ལས་ཀྱི་གཉེར་སྐྱོང་བྱེད་པོའི་སྒྲིག་ཆས་དང་ཞབས་ཞུ་ཉོ་སྒྲུབ་ཀྱི་གྲངས་འབོར་དུས་མཚུངས་ལས་10.6%འཕར་ཏེ་ཞིང་ཆེན་དེ་ཡོངས་ཀྱི་ཆ་སྙོམས་ཉོ་སྒྲུབ་འཕར་ཚད་ལས་བརྒྱ་ཆའི་གྲངས་16.2མཐོ་བ་དང་། 2025ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་གྲངས་གཞི་དེ་དུས་མཚུངས་ལས་18%འཕར་ཏེ་འཕར་ཚད་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ལས་བརྒྱ་ཆའི་གྲངས་22.7བརྒལ་ཡོད། གནས་ཐང་འཕར་ཁྲལ་ཚབ་འཕྲི་ཁྲལ་སློག་གི་སྲིད་ཇུས་དོན་འཁྱོལ་བྱས་པ་བརྒྱུད་ཁེ་ལས་ཀྱི་དུས་འགོའི་མ་འཇོག་མ་གནས་དམའ་རུ་ནུས་ལྡན་ཕྱིན་པ་དང་། ལས་རིགས་ཀྱི་མ་འཇོག་གདེང་ཚོད་ཆེ་རུ་ཕྱིན་ནས་ཐོན་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་གཏོང་བར་གསོན་ཤུགས་གསར་པ་བསྣན་ཡོད།

     ལྗང་མདོག་གློག་སྤྱོད་ཁྱབ་ཁོངས་སུ། ཁྲལ་བསྡུའི་སྲིད་ཇུས་ཀྱི་ཁྲིད་སྟོན་ནུས་པ་དེ་དང་འདྲ་བར་མངོན་གསལ་དོད་ཅིང་། 2024ལོར་རྩིས་ནུས་ཁེ་ལས་ཀྱི་གློག་ཤུགས་ཉོ་སྒྲུབ་དངུལ་འབོར་དུས་མཚུངས་ལས་18.9%འཕར་བ་དང་། 2025ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་སླར་ཡང་15.7%འཕར་ནས“ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས་ཟུང་འབྲེལ”གྱི་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་འཕེལ་ཕྱོགས་ཤུགས་ཆེན་མངོན་ཡོད། རྒྱལ་ཁབ་ཀྱིས་བཏོན་པའི་ཁེ་ལས་ཀྱི་རང་སྐལ་དཔྱ་ཁྲལ་གྱི་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་དང་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ཀྱི་ཐོག་ཞིང་ཆེན་ནང་ཁུལ་ནས་བཏོན་པའི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་རོགས་སྐྱོར་བྱ་ཐབས་བཏོན་ནས་ཞིང་ཆེན་ཡོངས་ཀྱི“ལྗང་མདོག་གློག་ཤུགས་དང་ལྗང་མདོག་རྩིས་ནུས་ཟུང་འབྲེལ”གྱི་མཐུན་སྦྱོར་བྱེད་སྟངས་རྒྱུན་མཐུད་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དང་ས་གནས་ཀྱི་རོགས་སྐྱོར་བྱ་ཐབས་དབར་མཉམ་ཤུགས་ཤིག་ཆགས་ཏེ། ནུས་རྒྱུ་དང་གྲངས་འཛིན་དཔལ་འབྱོར་མཉམ་འདྲེས་རིམ་སྤོར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད།

     དེ་བས་མངོན་གསལ་དོད་པ་ཞིག་ནི་ལྗང་མདོག་རྩིས་ནུས་ཐོན་ལས་ཀྱི“འབྲེལ་མཐུད་ནུས་འབྲས”རེད།

      ལྗང་མདོག་རྩིས་ནུས་ཀྱི་གཙོ་གནད་རྣམ་གྲངས་མང་པོ་ཞིག་དོན་འཁྱོལ་བྱས་པ་དང་བསྟུན་ནས་ཁྲལ་བསྡུའི་སྲིད་ཇུས་མུ་མཐུད་ཐོན་ལས་འཁོར་འབྲེལ་གྱི་གོང་འོག་ཚང་མར་སྣུར་སྲིང་བྱས་པ་སྟེ། རྩིས་ནུས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁེ་ལས་ལ་ཁེ་ལས་ཀྱི་རང་སྐལ་དཔྱ་ཁྲལ་ཐད“རྩ་ཆག་གསུམ་དང་ཕྱེད་གཅོག་གསུམ”ལག་ལེན་བསྟར་བ་དང་། མཉེན་ཆས་ཞིབ་སྤེལ་ཁེ་ལས་ལ་གནས་ཐང་འཕར་ཁྲལ་བསྡུས་མ་ཐག་སློག་པ། གྲངས་གཞིའི་ཞབས་ཞུའི་ཁེ་ལས་ཀྱི་ཞིབ་སྤེལ་ལ་འཚམ་པའི་གྲོན་དངུལ་སྣོན་རྩིས་འཐེན་འཕྲིའི་བསྡུར་ཚད་མཐོ་རུ་བཏང་བ་སོགས་ཡིན། སྲིད་ཇུས་དེ་དག་གིས་ཞིང་ཆེན་ཡོངས་ཀྱི་རྩིས་ནུས་གཉེར་སྐྱོང་བྱེད་པོས་ཨར་སྐྲུན་ལས་རིགས་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། དངུལ་རྩའི་ལས་རིགས། ཚན་རིག་ཞིབ་འཇུག་དང་ལག་རྩལ་ཞབས་ཞུའི་ལས་རིགས་བཅས་ཀྱི་ཉོ་སྒྲུབ་ཀྱི་དངུལ་འབོར་ཆེས་ཆེར་འཕར་བར་སྐུལ་འདེད་བཏང་བ་དང་། གོང་འོག་ཐོན་ལས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཡོད། དེ་དང་ཆབས་ཅིག་རྩིས་ནུས་ལག་རྩལ་གྱིས་དངོས་ཚན་དཔལ་འབྱོར་ལ་མཐུན་རྐྱེན་སྦྱོར་ཤུགས་མགྱོགས་སུ་གཏོང་བ་དང་། བཟོ་ལས་དང་སྨན་བཅོས་སོགས་ཁྱབ་ཁོངས་ཀྱི་ཆ་འཕྲིན་ཞབས་ཞུ་ཉོ་སྒྲུབ་ཀྱི་གྲངས་འབོར་རྒྱུན་མཐུད་འཕར་ཏེ་མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་ཡོད།