གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་08ཉིན། 13:41】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་2025ལོའི་ཟླ་7ཚེས་8ཉིན་ནས་བཟུང་སྒོ་སླར་ཡང་ཕྱེ་སྟེ། 《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ》ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་བྱ་རྒྱུ་རེད།
གསར་འགོད་པས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་ནས་ཤེས་རྟོགས་བྱས་པར། ཟླ་7ཚེས་8དང་། ཚེས་9ཚེས་11ཚེས་15ནས་ཚེས་18བཅས་ཀྱི་སྔ་དྲོར་ཆེད་དོན་ལྟ་སྐོར་སྒྲིག་འཛུགས་བྱ་རྒྱུ་ཡིན་པས་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་མིན་པ་དང་། ཉིན་ལྟར་གྱི་ཆུ་ཚོད་13:00ནས་16:30བར་ཕྱི་ཕྱོགས་ལ་སྒོ་འབྱེད་རྒྱུ་རེད། ཟླ་7ཚེས་19ཉིན་ནས་ཟླ་8ཚེས་31ཉིན་བར་སྒོ་ཕྱེ་བའི་དུས་ཚོད་ནར་འགྱངས་བྱ་རྒྱུ་དང་། ཉིན་ལྟར་སྒོ་ཕྱེ་བའི་དུས་ཚོད་ནི་ཆུ་ཚོད་9:00ནས་18:00བར་ཡིན་པ་དང་། ཆུ་ཚོད་17:30ཡི་ཐོག་དྲན་གསོ་ཁང་གི་སྒོ་རྒྱག་རྒྱུ་རེད།
སླར་ཡང་སྒོ་ཕྱེ་རྗེས། དྲན་གསོ་ཁང་དུ་རིན་མེད་དང་སྔོན་མངགས་ངང་ལྟ་སྐོར་བྱེད་ཆོག་པ་དང་ལྟ་སྐོར་བས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་སོགས་ཁྱེར་ནས་བདེ་འཇགས་ཞིབ་བཤེར་བྱས་རྗེས་དྲན་གསོ་ཁང་དུ་འཛུལ་ཆོག གཟའ་ཟླ་བར་དྲན་གསོ་ཁང་གི་སྒོ་རྒྱག་རྒྱུ་དང་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་ངལ་གསོའི་ཉིན་མོ་དང་རི་འགོག་དམག་འཁྲུག་གི་དྲན་གསོའི་ཉིན་མོ་གལ་ཆེན་ལ་རྒྱུན་གཏན་ལྟར་སྒོ་འབྱེད་རྒྱུ་རེད། སྒོ་ཕྱེ་བའི་དུས་ཚོད་ཆུ་ཚོད་9:00ནས་ཆུ་ཚོད་16:30བར་ཡིན་པ་དང་གཏན་འབེབས་ཀྱི་དུས་ཚོད་ལྟར་འགྲེལ་བཤད་རྒྱག་མཁན་གྱིས་འགྲེལ་བཤད་རྒྱག་རྒྱུ་དང་ཆུ་ཚོད་16:00ཐོག་དྲན་གསོ་ཁང་སྒོ་རྒྱག་རྒྱུ་རེད།