འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་7ཉིན།

༄༅།།སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་བའི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་གྱི་ཡིན།

—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་
རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཉེར་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལས་རྒྱ་ཆེའི་
གཞོན་ནུ་དང་གཞོན་ནུ་སློབ་མས་འབད་འབུངས་ཡར་བརྩོན་བྱེད་པར་སྐུལ་ལྕག་ཐེབས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་05ཉིན། 11:44】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཧའོ།

     ཀྲུང་ཧྭ་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་ཀྲུང་ཧྭ་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་ཚེས་2ཉིན་གྱི་སྔ་དྲོར་པེ་ཅིང་དུ་འགོ་ཚུགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་ལས་རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མར་སྐུལ་ལྕག་ཐེབས་པ་དང་སྦྲགས། ངར་ཤུགས་ལྡབ་བརྒྱ་འཕེལ་ཡོད་པ་རེད།

     ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་བརྗོད་དོན་རྒྱ་ཆེ་ལ་གཏིང་ཟབ་པ་དང་མི་སེམས་ལ་སྐུལ་ལྕག་ཐེབས་པ་ཞིག་ཡོད་ལ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་རྒྱང་ལམ་གསར་པར་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་བྱས་རྗེས་བཞག་ནས་བྱ་གཞག་གཏོད་པར་ཐུགས་རེ་ཟབ་མོ་བཅོལ་གནང་བ་དང་དུས་བབ་གསར་པར་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་བླང་བྱ་ཁ་གསལ་བཏོན་གནང་ཡོད་ཅེས་བརྗོད་པ་དང་། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་ཚོས་ཀྱང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་འབད་འབུང་ཡར་བརྩོན་བྱས་ཏེ་སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་བའི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།

     ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ནས་དུས་རབས་གསར་པའི་ཀྲུང་གོ་གཞོན་ནུའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རིམ་ཁག་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འགན་འཁྲི་གཙང་སྒྲུབ་དང་བྱ་སྤྱོད་ཧུར་ཐག་སྤེལ་ཏེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མ་སྒྲིག་འཛུགས་དང་སྐུལ་སློང་བྱས་ནས། ཏང་གི་རྗེས་སུ་དམ་པོར་འབྲང་བ་དང་། འབད་འབུངས་ཡར་བརྩོན། ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོ་གཞོན་ནུའི་དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད”ཅེས་གསུངས་ཡོད།

    རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་ཀྲུང་གོ་ཚན་རིག་ཁང་ཀོང་ཀྲོའུ་ནུས་རྒྱུ་ཞིབ་འཇུག་སུའོ་རང་བྱུང་སོལ་རླངས་ཆུ་འདྲེས་དངོས་རྫས་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཝང་དབྱི་ཡིས། མཚོ་གཏིང་གི་རང་བྱུང་སོལ་རླངས་ཆུ་འདྲེས་དངོས་རྫས(འབར་འཁྱགས) སྔོག་འདོན་གྱི་རྨང་གཞིའི་རིགས་པའི་གཞུང་ལུགས་དང་འགག་རྩའི་ལག་རྩལ་ཞིབ་འཇུག་ལ་ཡུན་རིང་གཞོལ་ཡོད། “གཞོན་ནུ་ཚན་རྩལ་ལས་དོན་པས་རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་དུས་རབས་ཀྱི་བླང་བྱ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་དང་བྱེད་ཐབས་གསར་པ་དང་ལེན་ཧུར་ཐག་བྱེད་པ། ཚན་ཞིབ་གྲུབ་འབྲས་ཐོན་ལས་རིམ་སྤོར་ལག་རྩལ་ཐད་སྤྱོད་པ་བཅས་བྱས་ཏེ། ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་དར་མངོན་འགྱུར་བྱ་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བཤད།

     “ལས་གནས་ཐོག་བྱས་རྗེས་འཇོག་པ་ནས་འགོ་འཛུགས་པ་དང་བྱ་བ་ཆུང་ཙག་ནས་བསྒྲུབས་ཏེ་རང་ཉིད་ཀྱི་ལང་ཚོའི་འབད་འཐབ་ཆུང་ངུ་དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་དང་མཉམ་འདྲེས་བྱེད་ཀྱི་ཡིན”རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་ཤིན་ཅང་ཨ་ཁེ་སུའུ་ས་ཁུལ་མེ་གསོད་རོགས་སྐྱོབ་ཡན་ལག་རུ་ཁག་ཁུ་ཁྲེ་གྲོང་ཁྱེར་རུ་ཆེན་གྱི་ཆབ་སྲིད་སློབ་སྟོན་པ་ལི་ཡུན་ཧྥེ་ཡིས“ངས་ཉེན་ཆེན་འགོག་སེལ་དང་གནོད་འཚེ་དང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། མེ་ཟོན་བདེ་འཇགས་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་ཏང་དང་མི་དམངས་ལ་དགོས་མཁོ་ཡོད་སྐབས་གདོང་མཆོང་བྱེད་ཀྱི་ཡིན”ཞེས་བརྗོད།

     ཏང་དང་མི་དམངས་ཀྱི་འབོད་སྐུལ་རང་རྟོགས་ངང་ཉན་ནས་ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ་དང་ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་རང་རྟོགས་ངང་ཉན་པ་དང་། ཕུགས་བསམ་དད་སེམས་བརྟན་དུ་གཏོང་བ། ཁྱིམ་ཞེན་རྒྱལ་ཞེན་གྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར་བ་བཅས་བྱས་ཏེ། སྤོབས་སེམས་ཆེན་པོས་འགན་འཁྲི་ཁུར་བའི་ལང་ཚོའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་དགོས”ཞེས་གསུངས་ཡོད།

     “ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཁྲོད་གཞོན་ནུ་ཚོར་མདུན་ལམ་ཆེན་པོ་ལྡན་ཡོད”རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་ཀོང་ཤིས་ལུའོ་ཁྲེང་མུའུ་ལའོ་རིགས་རང་སྐྱོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ཅན་ཁྲ་ཀྲང་གཞོན་པ་ཅང་ཝེ་ཧུའེ་ཡིས“ངས་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོ་གསར་གཏོད་བྱས་ནས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ་ཁྲིམས་སྐྱོང་གི་ཉི་འོད་འཚར་ལོངས་ཀྱི་ལམ་བུར་འཕྲོ་བར་བྱས་ཏེ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

     རྒྱལ་ཁབ་གློག་དྲ་ཝུའེ་ཧའེ་གློག་འདོན་ཀུང་སིའི་གློག་ཡོད་ལས་སྒྲུབ་ལྟེ་གནས་ཀྱི་ལག་རྩལ་འགན་འཁུར་བ་སུང་ཧའེ་ཞ་གློག་ཡོད་ལས་སྒྲུབ་ཀྱི་འཐབ་ས་དང་པོར་ལས་ཀ་བྱས་ནས་གྲོང་ཁྱེར་གྱི་གློག་ཤུགས་བརྟན་པོ་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད། “ང་ཚོས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་རང་རྟོགས་ངང་ཉན་ནས་འགག་རྩའི་དུས་སྐབས་སུ་གདོང་མཆོང་བྱེད་པ་དང་ཆེད་ལས་རྩལ་ནུས་མུ་མཐུད་ཆེ་རུ་བཏང་ནས་གློག་དྲ་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ་ཡོང་ཆེད་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་བརྗོད།

     རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མར་མཐུན་སྒྲིལ་སྣེ་ཁྲིད་དེ་བས་ལེགས་པར་བྱས་ནས་ཏང་དར་འོག་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་ཀྱིས་གྲུབ་འབྲས་གསར་པ་གཏོད་དགོས།

      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་བཏང་སྟེ། རྒྱ་ཆེའི་གཞོན་ནུ་དང་གཞོན་ནུ་སློབ་མར་མཐུན་སྒྲིལ་སྣེ་ཁྲིད་དེ་བས་ལེགས་པར་བྱས་ནས། ཏང་དར་འོག་རྒྱང་ལམ་གསར་པར་འབད་འབུངས་མདུན་སྐྱོད་ཀྱིས་གྲུབ་འབྲས་གསར་པ་གཏོད་དགོས”ཞེས་ནན་བཤད་གནང་ཡོད།

“ཏང་གི་འགོ་ཁྲིད་འོག་གི་རང་རྒྱལ་གྱི་མི་རིགས་ཁག་དང་ལས་རིགས་ཁག་གི་གཞོན་ནུའི་རྒྱ་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཡིན་པའི་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ལ་རྒྱང་ལམ་གསར་པར་མདུན་ལམ་ཆེན་པོ་ལྡན་ཡོད”རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཆེ་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ལི་ཏི་ཡིས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ལང་ཚོར་བརྟེན་ནས་བློ་སྐྱེད་ཀྱི་བྱ་སྤྱོད་དང་། ལང་ཚོར་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་ཀྱི་བྱ་སྤྱོད། ལང་ཚོར་བརྟེན་ནས་བྱས་རྗེས་འཇོག་པའི་བྱ་སྤྱོད། ལང་ཚོར་བརྟེན་ནས་མཐུན་རྐྱེན་སྦྱོར་བའི་བྱ་སྤྱོད། ལང་ཚོར་བརྟེན་ནས་ལག་གདང་སྦྲེལ་བའི་བྱ་སྤྱོད་བཅས་ལག་ལེན་བསྟར་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། གསོན་ཤུགས་ལྡན་པ། འཁོར་སྐྱོད་ཚད་ལྡན། སྤྱོད་ཚུལ་བཟང་བ་བཅས་ཀྱི་གཞོན་ནུའི་མཉམ་འབྲེལ་རྩ་འཛུགས་འཛུགས་གཏོད་ལ་ཤུགས་སྣོན་རྒྱག་གི་ཡིན་ཞེས་བརྗོད།

     “སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁྲོད་ངས་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་དེ་བས་རྒྱ་ཁྱབ་ངང་གཞོན་ནུར་མཐུན་སྒྲིལ་དང་ཞབས་འདེགས་ཞུ་བ་དང་གཞོན་ནུ་དེ་བས་མང་བ་ལས་ཞུགས་ལས་གཏོད་དང་། ཁ་གཏད་རོགས་སྐྲུན། གྲོང་གསེབ་དར་རྒྱས་བཅས་ཀྱི་ཁྲོད་ནུས་པ་འདོན་རྒྱུར་སྣེ་ཁྲིད་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་འབད་འབུངས་ལེགས་སྐྱེས་འབུལ་ཆེད་ལང་ཚོའི་བཀྲག་མདངས་འཚེར་ཐུབ་པ་བྱེད་ཀྱི་ཡིན”ཞེས་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་དང་ཧྲང་ཧའེ་དབྱི་ཧྲེ་སྤྱི་ཕན་རིག་གནས་འཕེལ་རྒྱས་ལྟེ་གནས་ཀྱི་ལས་འཛིན་འགོ་གཙོ་ལི་ལུའེ་ཡིས་བརྗོད།