འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་2ཉིན།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་ སྦྱོང་ཐེངས་ཉེར་གཅིག་པའི་ཐོག་ནན་བཤད་གནང་དོན།

༄༅།།སྤྱོད་ཚུལ་ལ་དམ་འཛིན་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་རྒྱུ་
མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་
བླང་བྱ་སྔར་བས་དོན་འཁྱོལ་བྱེད་དགོས།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་02ཉིན། 09:47】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

      ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་30ཉིན་གྱི་ཕྱི་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་དང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བའི་ཐད་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་ཉེར་གཅིག་པ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ཚོར“བདུན་གཅིག”གི་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། ཁོང་གིས་མཉམ་སྡེབ་སློབ་སྦྱོང་གཙོ་སྐྱོང་གནང་སྐབས། རང་ངོས་གསར་བརྗེ་ནི་རང་རེའི་ཏང་གིས་ཟིང་འཇགས་དར་རྒུད་ཀྱི་ལོ་རྒྱུས་དུས་མཚམས་འཁོར་རྒྱ་ལས་བརྒལ་བའི་རྒྱུགས་ལན་གཉིས་པ་དེ་ཡིན་པས། སྤྱོད་ཚུལ་ལ་དམ་འཛིན་ནས་འགོ་བཙུགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་ནི་དུས་རབས་གསར་པའི་ཏང་གི་རང་ངོས་གསར་བརྗེའི་ཉམས་མྱོང་གལ་ཆེན་ཞིག་རེད། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་ངོས་འཛིན་མཐོར་གཏོང་དང་། ཏང་གཤིས་ཟབ་གཏོང་། དབང་ཆ་འཁོར་སྐྱོད་ཚད་ལྡན། ལྟ་སྐུལ་སྒྲིག་སྐྱོང་ནན་པོ། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ལག་བསྟར་སོགས་ཀྱི་ཐད་སྔར་བས་དོན་འཁྱོལ་ཡོང་བར་བྱེད་དགོས།

     ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་ཏང་སྲོལ་སྲིད་གཙང་ལྟ་སྐུལ་ཁང་གི་ཀྲུའུ་རེན་བློ་མཐུན་ཀྲའོ་པའོ་གོ་ཡིས་གནད་དོན་དེར་འགྲེལ་བཤད་བསྐྱོན་པ་དང་འབྲེལ་གྲོས་འགོ་ཡང་བཏོན་གནང་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགྲེལ་བཤད་ནན་ཏན་ངང་གསན་པ་མ་ཟད། གྲོས་བསྡུར་ཡང་གནང་བ་རེད།

     ཞི་ཅིན་ཕིང་གིས་འགྲེལ་བཤད་གསན་པ་དང་གྲོས་བསྡུར་རྗེས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གི་ཁ་དན་ཚིག་གནས་ཀྱི་བྱ་སྤྱོད་ཅིག་རེད་ལ། དུས་རབས་གསར་པའི་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཤིག་ཀྱང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གཏན་འབེབས་དོན་ཚན་བརྒྱད་འགོ་རྩོམ་འགག་རྟོལ་བྱས་ཏེ། སྒྲིག་ལམ་ནན་པོ་འཛུགས་པ་དང་གཅུན་འདོམས་ནན་པོ་བྱ་རྒྱུ་མཐའ་འཁྱོངས་དང་། གོང་དཔེ་འོག་སྟོན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་སྣེ་ཁྲིད་ནས་བསྒྲུབ་རྒྱུ་མཐའ་འཁྱོངས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང“སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པར་དམིགས་ནས་གཅིག་སྡུད་སློབ་གསོ་དང་ཆེད་དོན་བཅོས་སྒྲིག་རབ་དང་རིམ་པ་བྱ་རྒྱུ་མཐའ་འཁྱོངས། རྒྱུན་དུ་ནས་དམ་འཛིན་དང་། དམ་འཛིན་ཞིབ་ཕྲ། ཡུན་རིང་དམ་འཛིན་བཅས་དང་། མཚམས་ཚིགས་རེ་རེ་བཞིན་བརྟན་སྲུང་དང་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས། ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ལ་མཉམ་དུ་དམ་འཛིན་དང་། སྤྱོད་བཟང་སྒྲིག་ནན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པ་སྦྲེལ་མཐུད་མཐའ་འཁྱོངས་བཅས་བྱས་ཏེ། སྔོན་ཆད་བཀག་འགོག་ཐུབ་མི་སྲིད་སྙམ་པའི་ཚུལ་མིན་སྤྱོད་ངན་མི་ཉུང་བ་ཞིག་བཀག་འགོག་ཐུབ་པ་དང་། ལོ་མང་རིང་བཅོས་དཀའ་བའི་གཅོང་ནད་འགའ་ཞིག་བཅོས་པ། མང་ཚོགས་ཀྱི་བསམ་འཆར་ཆེན་པོ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་མང་པོ་ཐག་གཅོད་བཅས་བྱས་ནས། ཏང་སྲོལ་དང་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་དུ་གྱུར་པ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་བཏང་སྟེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་ཞེས་གསུངས་པ་རེད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རང་རེའི་ཏང་གིས་ཕྲག་ཐོག་ཏུ་འཁུར་བའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ལས་འགན་ཧ་ཅང་ལྕི་བ་དང་། འཕྲད་པའི་སྲིད་འཛིན་ཁོར་ཡུག་རྙོག་འཛིང་ཧ་ཅང་ཆེན་པོ་ཡོད་པས། རང་ངོས་གསར་བརྗེའི་རྩ་བ་དེ་ངེས་པར་དུ་དམ་པོར་འཛིན་དགོས། ཏང་རྩ་འཛུགས་དང་ཏང་ཡོན་རིམ་པ་གང་དུ་གནས་པ་དང་ལས་ཀ་གང་ཞིག་གི་འགན་འཁུར་རུང་ཚང་མར་རང་ངོས་གསར་བརྗེའི་འགན་འཁྲི་ཡོད་དགོས། འགོ་ཁྲིད་ལས་བྱེད་པ་ནི་མཐོ་རིམ་ལས་བྱེད་པ་ཞིག་ཡིན་པས་རང་ངོས་གསར་བརྗེ་དེ་བས་རང་དཔེ་གཞན་སྟོན་བྱེད་དགོས།

     ཞི་ཅིན་ཕིང་གིས་གསུངས་དོན། རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བར་ངེས་པར་དུ་གཞི་བརྟན་སྟོབས་འཕེལ་དང་ཏང་གཤིས་ཟབ་ཏུ་གཏོང་དགོས། ཏང་གཤིས་ཟབ་ཏུ་གཏོང་བར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་རྒྱུ་གཙོ་བོར་བཟུང་ནས། ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། མི་དམངས་ལ་བརྩེ་སེམས་ཟབ་མོ་འཆང་བ། ཀུན་སྤྱོད་ཀྱི་གཤིས་རྒྱུད་གཙང་དུ་གཏོང་བ། གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བཅས་བྱེད་དགོས། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་པར་ཤུགས་སྣོན་བརྒྱབ་ནས་གུང་ཁྲན་ཏང་མིའི་བསམ་པའི་དོན་གཉེར་བརྟན་སྲུང་བྱེད་དགོས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་ནས། ལས་སྒྲུབ་ལས་གཏོད་ཁྲོད་འབད་འཐབ་ཀྱི་མི་ཚེར་སྦྱོང་བརྡར་སྤྲས་ཏེ་དམངས་ལ་བདེ་རྩ་སྐྲུན་པའི་ཁྲོད་ཀུན་སྤྱོད་ལེགས་སུ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བའི་ནང་ཧུར་ཐག་ཞུགས་ནས་རང་གིས་རང་ལ་ལྟ་ཞིབ་བྱེད་ཕོད་པར་བྱས་ཏེ་རང་རྟོགས་ངང་ཏང་རྩ་འཛུགས་ཀྱི་སློབ་གསོ་དང་ཕྱོགས་ཁག་གི་ལྟ་སྐུལ་དང་ལེན་བྱེད་དགོས། མི་འདེམས་མི་སྤྱོད་བྱེད་པར་ཏང་གཤིས་དབྱེ་འབྱེད་ལ་ཤུགས་སྣོན་བརྒྱབ་ནས་ལས་བྱེད་པར་རྟོག་ཞིབ་བྱེད་པའི་བསམ་བློ་གཏོང་ཕྱོགས་དང་། ལྷག་བསམ་རྣམ་དག་བྱེད་ཚད། སྤྱོད་པ་གཙང་ཚད་བཅས་ལ་མཐོང་ཆེན་བྱེད་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རུལ་སུངས་ལ་ངོ་རྒོལ་བྱེད་པར་ངེས་པར་དུ་དབང་ཆ་འཁོར་སྐྱོད་ཚད་ལྡན་དུ་གཏོང་དགོས། དབང་ཆ་སྤྲོད་པ་དང་། དབང་ཆ་སྤྱོད་པ། དབང་ཆར་ཚོད་འཛིན་བཅས་ཕན་ཚུན་གཅིག་གྱུར་དང་། ཁ་གསལ་དང་། ཕྱི་གསལ་ནང་གསལ། ཁུངས་འདེད་ཐུབ་པ་བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དབང་ཆ་འཁོར་སྐྱོད་ཀྱི་སྐྱོན་ཆ་འཚོལ་བཤེར་དང་ལམ་ལུགས་ཀྱི་ཞན་ཆ་སེལ་རྒྱུར་སྣང་ཆེན་བྱེད་དགོས། ལམ་ལུགས་ལག་བསྟར་ནན་པོ་དང་དམངས་གཙོ་གཅིག་སྡུད་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། དབང་ཆ་འཁོར་སྐྱོད་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་བྱེད་དགོས། ཏང་ཡོན་ལས་བྱེད་པ་ཚོས་དབང་ཆ་ཡོད་ཚད་མི་དམངས་ཀྱིས་སྤྲད་པ་དུས་དང་རྣམ་པ་ཀུན་ཏུ་བློ་ལ་བརྟན་པོར་ངེས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་གུས་སྐྲག་དང་། རྩ་འཛུགས་ལ་གུས་སྐྲག སྒྲིག་ཁྲིམས་ལ་གུས་སྐྲག་བཅས་བྱེད་དགོས།

      ཞི་ཅིན་ཕིང་གིས་གསུངས་དོན། ལྟ་སྐུལ་སྒྲིག་སྐྱོང་ནན་པོ་བྱེད་པ་ནི་ཏང་གི་རང་ངོས་གསར་བརྗེའི་ལག་ཆ་ནུས་ལྡན་ཞིག་ཡིན་པས། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ངེས་པར་དུ་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་དང་མི་དམངས་ཀྱི་ལྟ་སྐུལ་ཟུང་འབྲེལ་གྱིས་མང་ཚོགས་ཀྱི་ལྟ་སྐུལ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་གྱི“མདུན་ཕྱོགས་སོ་པའི”ནུས་པ་འདོན་པར་མཐོང་ཆེན་བྱས་ཏེ། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་རྩ་འཛུགས་ཀྱི་རྒྱུན་གཏན་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་རྟོལ་ཤུགས་དང་ནུས་ལྡན་རང་བཞིན་ཆེ་རུ་ཏན་ཏིག་གཏོང་དགོས། ངན་རུལ་མཉམ་བཤེར་མཉམ་བཅོས་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་དག་བྱེད་ཐབས་ནན་པོར་སྒྱུར་བ་དང་སྒྲིག་ལམ་ནན་པོའི་ནན་གོ་ཆོད་པར་བྱས་ཏེ། ཏང་ཡོངས་ལ་ནན་པོ་མཐའ་གཅིག་ཏུ་བྱེད་པ་ལས་གོམ་པ་གང་ཡང་ཕྱིར་བཤོལ་མི་བྱེད་པའི་བརྡ་རྟགས་བཏང་ནས་ཟིལ་གནོན་གྱི་ནུས་པ་ཐོན་པར་བྱེད་དགོས།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་། ལྟ་སྐུལ་གྱི་འགན་འཁྲི། འགན་འཁུར་བ་དང་པོའི་འགན་འཁྲི། “ལས་གནས་གཅིག་ལ་འགན་འཁྲི་གཉིས”སོགས་ཀྱི་འགན་འཁྲིའི་འཁོར་འབྲེལ་ཆ་ཚང་ཞིག་གྲུབ་པར་བྱས་ནས་འགན་འཁྲི་ཚང་མ་དོན་འཁྱོལ་ནན་པོ་བྱེད་དགོས། “འགག་རྩའི་ཉུང་ཤས”ཀྱི་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རང་གཅུན་ནན་པོ་དང་། འགན་འཁྲི་ནན་འཁུར། ཁོངས་གཏོགས་ལ་དོ་དམ་ནན་པོ། རིམ་པ་བཞིན་གནོན་ཤུགས་སྤྲོད་པ་བཅས་བྱས་ནས་ནན་པོའི་རྣམ་པ་དང་དྲང་བདེན་གྱི་དར་སྲོལ་ཏན་ཏིག་གཏོད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་དོན་འཁྱོལ་བྱེད་པའི་ཐད་ཏང་ཡོངས་ལ་དཔེ་ཚད་འཛུགས་པ་དང་མིག་དཔེ་སྟོན་དགོས།

     ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བར། རིམ་ཁག་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། གནད་དོན་ལ་ཐད་ཀར་གཏུག་ཕོད་པར་བྱེད་པ། བཅོས་སྒྲིག་གནད་འཁེལ་ཡོང་བར་སྐུལ་འདེད་གཏོང་བ། ཚུལ་མིན་སྤྱོད་ཚུལ་སྣ་ཚོགས་བཀག་འགོག་ནན་པོ་བྱེད་པ། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། སློབ་སྦྱོང་སློབ་གསོར་མགོ་ཡོད་མཇུག་ཡོད་དང་ཕན་འབྲས་དངོས་ཐོན་པར་འགན་ལེན་བྱེད་དགོས།