འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་1ཉིན།

༄༅།།མེ་གསོད་མཁན་12500བསྡུ་རྒྱུ་རེད།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་01ཉིན། 13:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཉེ་ཆར་འཕྲལ་སྡོམ་དོ་དམ་པུའུ་ཡིས་སྤྱི་བསྒྲགས་བྱས་ནས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་2025ལོའི་ལོ་འཁོར་གྱི་མེ་གསོད་མཁན་བསྡུ་ལེན་ལས་དོན་སྤེལ་འགོ་ཚུགས་པ་རེད། ད་ལོའི་མེ་གསོད་མཁན་ཁྱོན་12500བསྡུ་རྒྱུའི་འཆར་གཞི་ཡོད་པའི་ནང་། མཐོ་སློབ་ཀྱི་ད་ལོའི་སློབ་ཐོན་སློབ་མ6250དང་། དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མི་4170 སྤྱི་ཚོགས་ཀྱི་གཞོན་ནུ་2080བཅས་ཡོད་པ་རེད།

     ད་ཐེངས་མེ་གསོད་མཁན་བསྡུ་བ་ནི་དྲ་ཐོག་ནས་མིང་ཐོ་འགོད་སྟངས་སྤྱད་དེ། ཟླ་6ཚེས་27ཉིན་གྱི་ཆུ་ཚོད་23:00ནས་ཟླ་7ཚེས་18ཉིན་གྱི་ཆུ་ཚོད་18:00བར། བསྡུ་རྒྱུའི་མི་སྣ་ནི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གི་མེ་གསོད་མཁན་བསྡུ་བའི་ལས་སྟེགས་(https://xfyzl.119.gov.cn)ཐོག་ནས་སྤྱི་བསྒྲགས་དང་། བསྡུ་ལེན་འཆར་གཞི། སྲིད་ཇུས་ཁྲིམས་སྲོལ་སོགས་ཀྱི་ཆ་འཕྲིན་འདྲི་རྩད་བྱེད་པ་དང་། མིང་ཐོ་འགོད་པའི་ཚད་གཞི་ཆ་རྐྱེན་དང་བསྡུ་ལེན་བྱེད་ཐབས་གོ་རིམ་ཤེས་རྟོགས་བྱེད་ཐུབ་པ་མ་ཟད། སྤྱི་བསྒྲགས་ཀྱི་བླང་བྱ་ལྟར་མི་སྒེར་གྱི་རྩིས་ཐོ་ཐོ་འགོད་དང་མིང་ཐོ་འགོད་པའི་ཆ་འཕྲིན་འབུལ་ཆོག

    རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་ནི་འཕྲལ་སྡོམ་རོགས་སྐྱོབ་ཀྱི་གཙོ་ཤུགས་དམག་དཔུང་དང་རྒྱལ་ཁབ་རུ་ཁག་ཡིན་པས། བདེ་འཇགས་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ་དང་གནོད་འཚེ་དང་དོན་རྐྱེན་སྣ་ཚོགས་ལ་ཁ་གཏད་གཅོག་པའི་འགན་འཁྲི་གལ་ཆེན་འཁུར་བཞིན་ཡོད།

     རྒྱལ་ཁབ་ཀྱི་འབོད་སྐུལ་དང་མི་དམངས་ཀྱི་དགོས་མཁོ། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་གསོད་རོགས་སྐྱོབ་དཔུང་ཁག་གིས་རྒྱ་ཆེའི་ཕུགས་བསམ་ལྡན་པའི་གཞོན་ནུ་རྣམས་ཧུར་བརྩོན་གྱིས་མིང་ཐོ་བཀོད་ནས་བླ་ན་མེད་པའི་མེ་གསོད་རོགས་སྐྱོབ་བྱ་གཞག་ནང་ཞུགས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྲུང་སྐྱོང་བྱེད་པར་ལང་ཚོ་དང་སྟོབས་ཤུགས་སྐྱེས་སུ་འབུལ་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་ཡིན།