གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་01ཉིན། 10:14】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
2023ལོའི་ཟླ་10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་ཤིས་སུ་རྟོག་ཞིབ་གནང་སྐབས“དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་གསར་གཏོད་འཁོར་འབྲེལ་བཀོད་སྒྲིག་དང་། རྒྱལ་ཁབ་ཀྱི་འཐབ་ཇུས་དང་ཚན་རྩལ་གྱི་ཐོན་ཁུངས་དང་འབྲེལ་མཐུད་ཧུར་ཐག འགག་རྩའི་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ། མཐོ་གསར་ལག་རྩལ་ཐོན་ལས་ཁག་གཅིག་སྐྲུན་པ་བཅས་བྱས་ཏེ་རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཐོན་ལས་ཁྱུ་ཚོགས་ཆགས་པར་བྱེད་དགོས”ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཅང་ཤིས་ཀྱིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་རྐང་འཛིན་དུ་བྱས་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་བསྐྲུན་པ་མ་ཟད། གློག་རྡུལ་ཆ་འཕྲིན་དང་། ཟངས་རྨང་གཞིར་བྱས་པའི་རྒྱུ་ཆ་གསར་པ། མཁའ་འགྲུལ་སོགས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་ཁྱུ་ཚོགས་དྲུག་སྐྲུན་དགོས་པ་བཏོན་ཡོད། 2024ལོའི་ཟླ་12པར། དབྱིང་རའོ་ཧྥུའུ་ཁྲང་ཟངས་རྨང་གཞིར་བྱས་པའི་རྒྱུ་ཆ་གསར་པ་ཁྱུ་ཚོགས་དང་འབྲི་ཆུའི་ཟུར་གསུམ་གླིང(ཅང་ཤིས་ཚུད་པ)གི་གནམ་གྲུ་ཆེ་གྲས་ཁྱུ་ཚོགས་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཀྱི་མིང་ཐོའི་ནང་བདམས་པ་དང་། དེ་གོང་བདམས་པའི་ཀན་ཀྲོའུ་གྲོང་ཁྱེར་གྱི་ཞི་ཐུའུ་རྒྱུ་ཆ་གསར་པ་དང་ཉེར་སྤྱོད་ཁྱུ་ཚོགས་བསྣན་ན། ཅང་ཤིས་སུ་རྒྱལ་ཁབ་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་3བར་མང་དུ་ཕྱིན་ཡོད། ད་ལོའི་དུས་ཚིགས་དང་པོར། ཁྱུ་ཚོགས་གསུམ་གྱི་གཞི་ཁྱོན་ཡན་གྱི་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་1712.68ཟིན་ནས་དུས་མཚུངས་ལས་10.17%འཕར་ཡོད།
གསར་གཏོད་འཁོར་འབྲེལ་དང་ཐོན་ལས་འཁོར་འབྲེལ་མཉམ་འདྲེས་བྱས་ནས་ཐོན་ལས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་བ།
ཀན་ཀྲོའུ་རུ་གནས་པའི་ཅང་ཤིས་ཀྲུང་གོ་ཚན་རིག་ཧུང་ཆན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིའི་ཐོན་རྫས་འགྲེམས་ཁུལ་དུ་ཏུང་ཧྲི་ཀྲང་ཀྲོའུ་པིན་གྱིས་ཤེལ་དམ་ནང་གི་ཕྱེ་མ་དཀར་པོར་མཛུབ་མོ་བཙུགས་ནས“འགྱུར་འདེད་དངོས་རྫས་ཁེ་1གི་ཕྱི་ངོས་རྒྱ་ཁྱོན་ཚད་ལྡན་གྱི་ལན་ཆིའུ་སྤོ་ལོའི་ཐང་གཅིག་ལྟར་ཡོད”ཅེས་བཤད།
“ཕྱོགས་ཡོངས་ནས་ཐོན་སྐྱེད་བྱས་རྗེས་ལོར་འགྱུར་འདེད་དངོས་རྫས་ཏུན་3000ཐོན་སྐྱེད་ཐུབ་སྟེ་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་10ཟིན་ཡོད”ཀྲོའུ་པིན་གྱིས་ཀུང་སིས་རང་འགུལ་ངང་ཀྲུང་གོ་ཚན་རིག་ཁང་ཀན་ཅང་གསར་གཏོད་ཞིབ་འཇུག་ཁང་དང་འབྲེལ་མཐུད་བྱས་ནས་འབྲེལ་ཡོད་ཚན་རྩལ་གྲུབ་འབྲས་ཀྱི་ཐོན་ལས་ཅན་ལ་སྐུལ་འདེད་བཏང་བར་བརྟེན་2024ལོའི་ལོ་མཇུག་ཏུ་རྒྱལ་ཁབ་ཀྱི་དུས་མཚམས་དྲུག་པའི་ཚད་གཞིའི་ཁྲའེ་ཡིའུ་སྣུམ་གྱི་རླངས་འཁོར་གྱི་མཇུག་རླངས་གཙང་འགྱུར་འགྱུར་འདེད་དངོས་རྫས་ཐོན་སྐྱེད་བྱས་ནས་ཕྱི་རྒྱལ་གྱི་ལག་རྩལ་སྒེར་སྡེམ་ལས་རྣམ་པར་རྒྱལ་ཡོད་ཅེས་ངོ་སྤྲོད་བྱས།
ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ཞིང་། མིག་སྔར། ཅང་ཤིས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་6ཚང་མ་རྒྱལ་ཁབ་རིམ་པའི་ཚན་ཞིབ་སྟེགས་བུ་སོགས་ཚན་རྩལ་ཐོན་ཁུངས་དང་འབྲེལ་མཐུད་བྱས་པའི་ནང་ཁེ་ལས་524ལ་རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པའི་ཁེ་ལས་ལག་རྩལ་ལྟེ་གནས་བཙུགས་ཡོད་པ་དང་ཁེ་ལས་12ལ་རྒྱལ་ཁབ་རིམ་པའམ་ཡང་ན་ཞིང་ཆེན་རིམ་པའི་བཟོ་སྐྲུན་ལས་རིགས་གསར་གཏོད་ལྟེ་གནས་བཙུགས་ཡོད།
གྲངས་འཛིན་ཅན་དང་རིག་ནུས་ཅན་གྱི་མཐུན་རྐྱེན་སྦྱར་ཏེ་ཐོན་ལས་ཀྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་བཏང་བ།
སྟེང་ལ་བལྟ་སྐབས། ཐོག་བརྩེགས་བརྒྱད་ཡོད་པའི་ལངས་གཟུགས་ཟངས་སྐུད་འཐེན་པའི་སྒྲིག་ཆས་རང་འགུལ་ཅན་གྱི་ཚོད་འཛིན་མ་ལག་བརྒྱུད་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་བཞིན་ཡོད། འོག་ལ་བལྟ་སྐབས། རིག་ལྡན་མཛོད་ཉར་ཁུལ་གྱི་འདྲེན་ཐག་ནས་ཟངས་སྐུད་སྐུལ་འོད་ཕྱོགས་སྟོན་བརྒྱུད་ཧའོ་སྐར་ཆ་རིམ་པའི་མཛོད་མཇུག་ངེས་གནས་མངོན་འགྱུར་བྱེད་བཞིན་ཡོད།
ལྷུ་ཚིགས་ཁག་ཏུ་གྲངས་འཛིན་ཅན་སྤྱོད་ཚད་ཟབ་ཏུ་བཏང་ནས“བཟོ་སྐྲུན”དེ“རིག་ནུས་བཟོ་སྐྲུན”དུ་འགྱུར་བར་སྐུལ་འདེད་བཏང་ཞིང་། “2024ལོ་ནས་བཟུང་ཅང་ཤིས་ཞིང་ཆེན་གྱི་ཁེ་ལས་ཁྲི་1.8ལྷག་ཙམ་ཕྱོགས་སྒྱུར་བྱེད་འགོ་ཚུགས་པ་དང་ཁེ་ལས་ཁྲི་1.1ལྷག་ཙམ་ལ་གྲངས་འཛིན་ཅན་གྱི་སྒྱུར་བཀོད་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་5Gབཟོ་གྲྭ་36བསྐྲུན་ཡོད། སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཁྱུ་ཚོགས་6ཁྲོད་ཞིང་ཆེན་རིམ་པའི་རིག་ནུས་བཟོ་སྐྲུན་གྱི་ཚད་ལྡན་ཁེ་ལས་172ཡོད”ཅེས་ཅང་ཤིས་ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཅན་ཐིང་གི་ཐིང་ཀྲང་དབྱིན་ཅུང་གིས་བཤད།
སྟར་སྒྲིག་རྣམ་པ་དང་ཁྱུ་ཚོགས་རྣམ་པའི་འཕེལ་རྒྱས་ལ་བརྟེན་ནས་ཐོན་ལས་ཀྱི་གཞི་ཁྱོན་དང་ནུས་པ་ཆེ་རུ་བཏང་བ།
ཅིང་ཅིའུ་ལྕགས་ལམ་ལམ་རྒྱུད་ཀྱི་ནན་ཁྲང་དང་། ཅི་ཨན། ཅིའུ་ཅང་། ཀན་ཀྲོའུ་བཅས“གྲོང་ཁྱེར་བཞིའི”གློག་རྡུལ་ཆ་འཕྲིན་ཐོན་ལས་དར་ཁུལ་གཙོ་བོར་བྱེད་པ་དང་། ཐོན་ལས་ཁྱབ་འགྱེད་ཀྱི་རྒྱ་ཁྱོན་མུ་མཐུད་ཆེ་རུ་བཏང་བར་བརྟེན། ཅང་ཤིས་གློག་རྡུལ་ཆ་འཕྲིན་ཐོན་ལས་ཀྱི་གཞི་ཁྱོན་བསྟུད་མར་ལོ་གསུམ་རིང་སྒོར་དུང་ཕྱུར་ཁྲི་ཡི་སྐས་རིམ་རྒྱུན་འཁྱོངས་ཐུབ་ཡོད། ཧྲང་རའོ་རུ་ཅིན་ཁོའོ་ནུས་རྒྱུ་ཡིས་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་ཁག་12ལ་སྣེ་ཁྲིད་ནས། “སྭེལ་ལེབ་དང་། གློག་རྫས་ལེབ་མོ། ལྷུ་ལག ནུས་གསོག”བཅས་ཀྱི་འོད་ཤུགས་ཐོན་ལས་འཁོར་འབྲེལ་ཆ་ཚང་བསྐྲུན་ནས། འོད་ཤུགས་ནུས་རྒྱུ་གསར་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཀྱི་2025ལོའི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་1700ལས་བརྒལ་རྒྱུའི་བརྩོན་ལེན་བྱེད་བཞིན་ཡོད།
སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་ཚོ་འདུས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་གནད་འགག་ནི་འཁོར་འབྲེལ་དང་ཁྱུ་ཚོགས་ཀྱི་རྣམ་པ་ཆགས་པ་བྱ་རྒྱུ་དེ་རེད། མིག་སྔར། ཅང་ཤིས་ཀྱིས་རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཀྱི་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་13དང་། ཞིང་ཆེན་རིམ་པའི་ཁེ་ལས་འབྲིང་ཆུང་གི་ཁྱད་ལྡན་ཐོན་ལས་ཁྱུ་ཚོགས་67 ཞིང་ཆེན་རིམ་པའི་ཐོན་ལས་ཁྱུ་ཚོགས་126བཅས་སྐྱེད་སྲིང་བྱས་པར། ལོར་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་ཆིག་སྟོང་བརྒལ་བའི་ཐོན་ལས་ཁག་14ཟིན་ཡོད།
ཅང་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་དབྱིན་ཧུང་གིས། “ཅང་ཤིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་ནས། གོ་སྐབས་ལ་དམ་འཛིན་དང་། ཐོན་ལས་ཀྱི་རྨང་གཞི་དང་དགེ་མཚན་ཆེ་རིགས་ལ་གཞི་ཚུགས་པ། གསར་གཏོད་ཐོན་ཁུངས་ཀྱི་གཞི་རྒྱུ་མུ་མཐུད་གཅིག་སྡུད་བྱེད་པ། གསར་གཏོད་ཀྱི་ནུས་པ་ཆེ་བ་དང་། གཞི་ཁྱོན་གྱི་ཕན་འབྲས་མངོན་གསལ་དོད་པ། ཁེ་ལས་རྩེ་གྲ་གཅིག་སྡུད། སྐྱེ་ཁམས་མ་ལག་འཐུས་སྒོ་ཚང་བ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ལྡན་པ་བཅས་ཀྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་ཁག་གཅིག་ཧུར་ཐག་བསྐྲུན་ནས། ཐོན་ལས་རིན་ཐང་འཁོར་འབྲེལ་འབྲིང་མཐོའི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་གི་ཡིན”ཞེས་བརྗོད།