འཚོལ་བཤེར།   
藏文频道
2025ལོའི་ཟླ་7ཚེས་1ཉིན།

༄༅།།“ང་ཚོར་དགོས་མཁོ་ཡོད་དུས་གྲོགས་པོ་ཀྲུང་གོ་བས་རྟག་ཏུ་རོགས་རམ་བྱེད་ཀྱི་ཡོད”

འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲི་ཡོན་ཧའོ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 07ཚེས་01ཉིན། 10:12】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཝུ་ར་ཀུའེ་ཡི་རྒྱལ་ས་མོང་ཐེ་ཝེ་ཏི་ཡའི་ཤར་རྒྱུད་གྲོང་འདབས་ཀྱི་མཁའ་དབྱིངས་སུ་སྲུང་སྐར་གནམ་སྐུད་ཆེ་གྲས་ཤིག་དལ་བུར་སྐོར་ར་རྒྱག་བཞིན་ཡོད་པ་དང་། འདི་ནི་ཀྲུང་གོ་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་ཝུ་ར་ཀུའེ་ལ་རོགས་སྐྱོར་བྱས་པའི་སྐར་མང་གཞི་གཅིག་ཅན་གྱི་གནམ་གཤིས་སྲུང་སྐར་གྲངས་གཞི་སྒུལ་བདེ་བསྡུ་ལེན་ཐག་གཅོད་ཉེར་སྤྱོད་མ་ལག་གི་ཆ་ཤས་གལ་ཆེན་ཞིག་རེད།

    ནཱ་ཐ་ལི·ཨོ་པེ་ཐེ་ནི་ཝུ་ར་ཀུའེ་ཚན་རྩལ་སློབ་ཆེན་གྱི་སའི་གོ་ལའི་ཚན་རིག་ཞིབ་འཇུག་བྱེད་མཁན་དགེ་རྒན་ཆེ་མོ་བ་ཞིག་རེད་ལ། མ་ལག་དེའི་འཁོར་སྐྱོད་མཐུན་སྦྱོར་ཚོགས་ཆུང་གི་འགན་འཁུར་བ་ཞིག་ཀྱང་རེད། ཁོང་གིས་བཅར་འདྲི་ཐེངས་མང་ཁྲོད“གལ་སྲིད་ཀྲུང་གོའི་ལག་རྩལ་མེད་ན་ང་ཚོས་གནམ་གཤིས་གྲངས་གཞིར་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་བྱེད་ཐབས་མེད”ཅེས་ཀྲུང་གོས་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་ཡོད།

     ཨོ་པེ་ཐེས“མ་ལག་དེས་རླུང་ཁམས་ཆེན་པོའི་དྲོད་ཚད་དང་སྔོ་ཁེབས་ཀྱི་སྟོན་གྲངས་སོགས་གནམ་གཤིས་གྲངས་གཞིའི་ཐོན་རྫས་རིགས་17མཁོ་འདོན་བྱེད་ཀྱི་ཡོད་པ་དེ་དག་རླུང་ཁམས་ཆེན་པོ་དང་། སྐམ་ས། རྒྱ་མཚོ་བཅས་ལ་ལྟ་ཞིབ་ཚད་ལེན་དང་། དེ་བཞིན་ཚན་ཞིབ་ཀྱི་དགོས་མཁོ་གཞན་དག་ཡོད་སར་སྤྱོད་ཆོག་གི་ཡོད”ཅེས་གསར་འགོད་པར་བརྗོད།

     “ཀྲུང་གོ་ཕྱོགས་ཀྱི་ལག་རྩལ་ཚོགས་པ་དང་སྤེལ་རེས་དེ་བས་ཡག་པོ་བྱ་ཆེད་ང་ཚོས་སྐད་འཕྲིན་སྤྱད་པ་ཡིན”ཞེས་ཨོ་པེ་ཐེས་བརྗོད་པ་དང་། ཁོང་གིས“སྐབས་འགར་ཐོལ་བྱུང་གནས་ཚུལ་འཕྲད་སྐབས་ཁོང་ཚོར་ཁ་པར་བརྒྱབ་ནས་སྐད་ཆ་འདྲི་དུས། ཀྲུང་གོའི་དུས་ཚོད་ཐོ་རེངས་ཡིན་ནའང་ཀྲུང་གོ་ཕྱོགས་ཀྱི་མི་སྣས་ངང་རྒྱུད་རིང་པོས་རོགས་རམ་བྱེད་ཀྱི་འདུག ང་ཚོར་དགོས་མཁོ་ཡོད་དུས་གྲོགས་པོ་ཀྲུང་གོ་བས་རྟག་ཏུ་རོཌ་རམ་བྱེད་པ་མ་ཟད། ནུས་ཆེའི་ཐག་གཅོད་ཇུས་གཞི་མཁོ་འདོན་བྱེད་ཀྱི་འདུག”ཅེས་བརྗོད།

     “གནམ་གཤིས་འགྱུར་ལྡོག་དེ་ཉིད་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་འགྲན་སློང་ལ་གྱུར་པའི་གོ་ལ་ཧྲིལ་པོའི་རྒྱབ་ལྗོངས་འོག ཝུ་ར་ཀུའེ་དང་ཀྲུང་གོའི་མཉམ་ལས་ནི་འགན་ཡག་པོ་འཁུར་བའི་དཔེ་མཚོན་ཞིག་རེད་ཅེས་བརྗོད་ཆོག” ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དྲང་གཞག་ལུགས་མཐུན་དང་མཉམ་ལས་གཉིས་ཕན་གྱི་གོ་ལ་ཧྲིལ་པོའི་གནམ་གཤིས་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། རྣམ་གྲངས་འདི་ལས་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པར་འབད་བརྩོན་བྱེད་པའི་ཀྲུང་གོའི་ཆོད་སེམས་མཚོན་པ་དང་། འབྱུང་འགྱུར་རྒྱལ་ཁབ་དེ་བས་མང་བར་མཉམ་ལས་དེ་རིགས་ནས་ཕན་པ་ཐོབ་རྒྱུ་རེད་ཅེས་ཝུ་ར་ཀུའེ་ཡི་སྨྱན་སྦྱོར་གྱིས་དེ་ལྟར་བརྗོད་ཡོད།