ཚུའེ་དབྱིན།
གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 07ཚེས་01ཉིན། 10:11】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཉིན་ཤས་གོང་། གོ་ལ་ཧྲིལ་པོའི་ཀོག་ཧྥེ་སྲན་རྡོག་འགྲན་བསྡུར་ཆེ་ཤོས“རྩེར་སོན་བུམ་པའི”ཚོད་ལྟའི་འགྲན་བསྡུར་ཡུན་ནན་ཞིང་ཆེན་པའོ་ཧྲན་གྲོང་ཁྱེར་དུ་མཇུག་འགྲིལ་ཞིང་། འགྲན་ཞུགས་ཀོག་ཧྥེ་སྲན་རྡོག་རིགས་144ལ་རྒྱལ་སྤྱིའི་ཞིབ་དཔྱད་ཚད་ལེན་ནན་པོ་བྱས་པ་བརྒྱུད། མཐར་ཀོག་ཧྥེ་སྲན་རྡོག་རིགས་19སྐར་གྲངས་87ཡན་གྱི་སྐར་གྲངས་མཐོན་པོའི་ཐོག་ནས་འབུར་དུ་ཐོན་ཞིང་། ཨང་དང་པོ་ཐོབ་པའི་ཡུན་ནན་ལིན་ཚང་གི་སྲན་རྡོག་སྤྱི་རྒྱ་རེར་རིན་གོང་སྒོར་ཁྲི་1.3གྱི་ཐོག་ནས་ཚོང་འགྲིག་སྟེ་རྒྱལ་ཐོན་ཀོག་ཧྥེ་སྲན་རྡོག་ཧབ་ཚོང་བྱེད་པའི་ཟིན་ཐོ་གསར་པ་བཏོད་ཡོད། དེ་ནི“རྩེར་སོན་བུམ་པའི”འབྲེལ་ཡོད་འགྲན་བསྡུར་ཀྲུང་གོའི་ཡུན་ནན་དུ་སྤེལ་ཐེངས་དང་པོ་ཡིན་པ་དེ་ཐོག་ནས་ཡུན་ནན་གྱི་ཀོག་ཧྥེ་ཐོན་ཡུལ་དེ་རྒྱལ་སྤྱིའི་ཀོག་ཧྥེ་ལས་རིགས་ཀྱི་དབང་གྲགས་གདེང་འཇོག་མ་ལག་ནང་འཇུག་ཐེངས་དང་པོ་ཡིན་པ་མཚོན་ཡོད། “སྲན་རྡོག་ཕྱིར་གཏོང”ནས“ཚད་ལྡན་ཕྱིར་གཏོང”བར་ཡུན་ནན་འདི་ཉིད་ཀོག་ཧྥེ་ཐོན་ཡུལ་གྱི་ངོས་ནས་རྒྱལ་སྤྱིའི་ཁྲོམ་རར་དོ་ཁུར་དེ་བས་མང་བ་ཐོབ་ཡོད།
ལོ་ངོ་20ལྷག་ཙམ་རིང་། རྒྱལ་ཁབ་དང་ས་ཁུལ་བཅུ་ལྷག་ཙམ་གྱིས“རྩེར་སོན་བུམ་པ”གཉེར་མྱོང་ཡོད་ལ། ཧོང་ཏུ་ར་སི་དང་ཁོ་སི་ཐ་རི་ཁ་སོགས་རྒྱལ་ཁབ་ཀྱི་ཀོག་ཧྥེ་ཐོན་ཁུལ་གསར་པ་ལའང་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། དེས་གོ་ལ་ཧྲིལ་པོའི་ཀོག་ཧྥེ་ཐོན་ཁུལ་གྱི་རིན་ཐང་དེ་བས་ཆེ་རུ་ཕྱིན་པ་མ་ཟད། ཐོན་ཁུལ་གྱི་ཀོག་ཧྥེ་ཡི་སྤུས་ཚད་ཡག་ཏུ་དང་ཁེ་བཟང་ཆེ་རུ་འགྲོ་རྒྱུར་ཡང་སྐུལ་མ་ཐེབས་ཡོད། གོ་ལ་ཧྲིལ་པོའི་ཀོག་ཧྥེ་འདེབས་ཡུལ་ཡག་ཤོས་ཡིན་པའི་ཡུན་ནན་ལ་ལོ་ངོ་100ལྷག་ཙམ་གྱི་ཀོག་ཧྥེ་འདེབས་པའི་ལོ་རྒྱུས་ལྡན་པ་དང་ཀོག་ཧྥེ་ཐོན་འབོར་རྒྱལ་ཡོངས་ཀྱི་98%བཟུང་ཡོད། སོན་བཟང་འདེམས་གསོ་ལེགས་འདེམས་དང་། ཚད་ལྡན་ཅན་གྱི་འདེབས་གསོའི་ལག་རྩལ། ཀོག་ཧྥེ་ལས་སྣོན་ལག་རྩལ་སོགས་ཐད་སྤུས་འབྲས་ལེགས་གཉེར་བྱས་པ་དང་བསྟུན་ནས། ཡུན་ནན་གྱི་རྡོག་ཆུང་ཀོག་ཧྥེ་ཡི་སྤུས་ཀ་དེ་བས་ལེགས་སུ་ཕྱིན་ཏེ་2022ལོའི་40%ནས་2024ལོའི་70%བར་འཕར་བ་དང་ལས་སྣོན་ཞིབ་ཚགས་བྱེད་ཚད་60%ནས་85%བར་འཕར་ཡོད། ད་ཆ་ཡུན་ནན་གྱི་ཀོག་ཧྥེ་སྲན་རྡོག་དེ་ཉིད་རྩེར་སོན་ཀོག་ཧྥེ་ཡི་མཚོན་རྟགས་ཤིག་ཏུ་གྱུར་ཡོད།
ཀོག་ཧྥེ་ནི་གོ་ལ་ཧྲིལ་པོའི་ཚོང་ཟོག་ཅིག་ཡིན་པས་དེའི་ཁྱབ་གདལ་ལས་མིའི་རིགས་ཀྱི་ཤེས་དཔལ་མཉམ་འདྲེས་ལ་བདེན་དཔང་བྱས་ཡོད། ཀྲུང་གོར་སྤྱི་དམངས་ཀྱིས་ཀོག་ཧྥེ་དང་ལེན་བྱེད་ཚད་ཇེ་ཆེར་ཕྱིན་པ་སྟེ། ཧྲང་ཧའེ་ཡི་ཀོག་ཧྥེ་ཁང་ཉིའུ་གཡོད་དང་ལོན་ཏོན་ལས་མང་བ་ཡོད་པ་དང་གོ་ལ་ཧྲིལ་པོའི་ཀོག་ཧྥེ་ཁང་མང་ཤོས་ཀྱི་གྲོང་ཁྱེར་དུ་གྱུར་ཡོད། ཀོག་ཧྥེ་ནི་གཞོན་ནུ་ཚོའི་སྤྱི་ཚོགས་འབྲེལ་བའི་སྦྲེལ་ཟམ་ལྟ་བུ་ཞིག་རེད་ལ། སྡེ་ཁུལ་གྱི་འཚོ་བའི་རྒྱུན་གཏན་གྱི་རྣམ་པ་ཞིག་ཀྱང་རེད། རིག་གནས་དེ་རིགས་དར་ཁྱབ་བྱུང་བ་དང་བསྐྱར་དུ་གསར་གཏོད་བྱེད་པའི་བརྒྱུད་རིམ་ལས་ཀྲུང་ཧྭའི་ཤེས་དཔལ་གྱི“བསྟུན་ཀྱང་གཅིག་མཚུངས་མི་བྱེད་པའི”བསྟུན་མཁས་ཀྱི་བློ་གྲོས་ཡང་དེ་མཚུངས་ཀྱིས་མངོན་ཡོད། ཡུན་ནན་གྱི་ཀོག་ཧྥེ་རྒྱལ་སྤྱིའི་གར་སྟེགས་ཐོག་སྟོན་པ་ནི་འཛམ་གླིང་གིས་རོ་འཛིན་དབང་པོ་བརྒྱུད། ཀྲུང་གོའི་སྣ་མང་སྒོ་དབྱེར་ཉམས་ལེན་བྱེད་པའི་མཚོན་ཚུལ་གཞན་ཞིག་དེ་བས་ཀྱང་རེད།