འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་29ཉིན།

༄༅།།ཞི་ཅིན་ཕིང་གིས་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁོའོ་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་29ཉིན། 11:58】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

ཟླ་6ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁོའོ་དང་མཇལ་འཛོམས་གནང་བ།

ཟླ་6ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁོའོ་དང་མཇལ་འཛོམས་གནང་བ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་27ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དབྱར་དུས་ཏ་ཝོ་སི་གླེང་སྟེགས་ལ་ཞུགས་པར་ཕེབས་པའི་སེ་ནེ་ཀལ་གྱི་ཙུང་ལི་སུང་ཁོའོ་དང་མཇལ་འཛོམས་གནང་བ་རེད།

    ཞི་ཅིན་ཕིང་གིས་གསུངས་དོན། ན་ནིང་ཟླ་བ་9པར་ངས་ཙུང་ཐུང་ཧྥ་ཡེ་དང་ལྷན་དུ་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་གཙོ་སྐྱོང་བྱས་ནས་ཀྲུང་ཧྥེའི་འབྲེལ་བ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ལས་དབང་གཅིག་མཐུན་ཚོགས་པ་ཐུན་མོང་ཐོག་འཛུགས་པའི་དུས་མཚམས་གསར་པར་སླེབས་པར་སྣེ་ཁྲིད་བྱས་ཡོད། ཀྲུང་སེ་རྒྱལ་ཁབ་གཉིས་པོ་ནི་འཕེལ་རྒྱས་དང་དར་རྒྱས་ཡོང་བའི་ལམ་རོགས་དང་སྤུན་ཟླ་ཡག་པོ་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་སེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་གཏིང་ཟབ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་དེ་བས་མང་བ་སྐྲུན་པ་དང་ཀྲུང་ཧྥེའི་མཛའ་གྲོགས་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་མཉམ་ལས་ལ་སྒུལ་ཤུགས་དེ་བས་མང་བ་སྣོན་འདོད་ཡོད།

     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་སེ་ཕྱོགས་གཉིས་པོས་ཕན་ཚུན་རང་བཙན་རང་བདག་གི་འཕེལ་རྒྱས་འགྲོ་ལམ་ཐོག་སྐྱོད་པར་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་པ་དང་། ཏང་དབར་གྱི་འགྲོ་འོང་དང་རྒྱལ་སྐྱོང་སྲིད་འཛིན་གྱི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པར་ཤུགས་སྣོན་བརྒྱབ་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་སེ་ནེ་ཀལ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ་ཀྲུང་ཧྥེའི“རོགས་ཟླའི་བྱ་སྤྱོད་ཆེན་པོ་བཅུ”དོན་འཁྱོལ་ཡག་པོ་བྱས་ནས་དམངས་ཕན་ལས་གྲྭ་དེ་བས་མང་བ་ལག་ལེན་བསྟར་ཏེ་ཀྲུང་གོའི་ཁེ་ལས་སེ་ནེ་ཀལ་གྱི་ནུས་རྒྱུ་གསར་པ་དང་གྲངས་འཛིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་ཀྱི་མ་འཇོག་ནང་ཞུགས་ཏེ་མཉམ་ལས་གཉིས་ཕན་གྱི་རོགས་ཟླ་བྱེད་པར་སྐུལ་མ་གཏོང་འདོད་ཡོད། ཀྲུང་སེའི་རིག་གནས་ལ་རང་རང་སོ་སོའི་ཁྱད་ཆོས་ལྡན་པས། 2026ལོའི“ཀྲུང་ཧྥེའི་མི་ཆོས་རིག་གནས་སྤེལ་རེས་ལོ”གོ་སྐབས་སུ་བྱས་ནས་མི་སྣ་འགྲོ་འོང་ཟབ་ཏུ་གཏོང་བ་དང་། རིག་གནས་དང་། སློབ་གསོ། ཡུལ་སྐོར། ལུས་རྩལ། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་གྲོགས་པོ་བྱེད་དགོས། ཕྱོགས་གཉིས་པོས་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱས་པའི་རྒྱལ་སྤྱིའི་མ་ལག་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་མཐའ་འཁྱོངས་ཀྱིས་འཛམ་གླིང་ཞི་བདེ་དར་རྒྱས་དང་ཡར་ཐོན་ཡོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།

     སུང་ཁོའོ་ཡིས་ཙུང་ཐུང་ཧྥ་ཡེ་ནས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་བརྒྱུད་ཞུ་གནང་ཞིང་། སུང་ཁོའོ་ཡིས་ཀྲུང་གོ་ནི་སེ་ནེ་ཀལ་གྱི་བློས་འགེལ་ཆོག་པའི་མཉམ་ལས་རོགས་ཟླ་ཡིན་པ་དང་སེ་ནེ་ཀལ་དང་ཀྲུང་གོ་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་མཐུན་སྒྲིལ་རོགས་རེས་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་བརྟན་ལ་འགྱུར་བ་མེད་པ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་འཕེལ་རིམ་ཡག་པོ་བྱུང་ཡོད། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ནས་ཀྲུང་གོ་ཕྱོགས་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། ཚོང་དོན་དང་། མ་འཇོག ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས་སེ་ནེ་ཀལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། སེ་ཀྲུང་རྒྱལ་ཁབ་གཉིས་པོ་ནི་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཁོངས་མི་ཡིན་པས་ཐུན་མོང་གི་རིན་ཐང་དོན་གཉེར་བྱེད་ས་ཡོད། སེ་ནེ་ཀལ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་གཞོགས་འདེགས་དམ་ཟབ་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་འཐབ་ཇུས་རོགས་ཟླ་བྱས་ནས་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས་པ་རེད།

    ཝང་དབྱི་མཇལ་འཛོམས་ལ་ལྷན་དུ་ཞུགས་ཡོད་པ་རེད།