འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་28ཉིན།

ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།

༄༅།།གཙང་པོ་དང་ཆུ་བོ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་བཀྲམ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་28ཉིན། 13:41】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། རྒྱལ་ཁབ་ཀྱི“གཙང་པོ་དང་ཆུ་བོའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང་། གཙང་པོ་དང་ཆུ་བོ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཆུའི་བདེ་འཇགས་ཀྱི་འགན་ལེན་ནུས་པ་སྔར་བས་ཆེ་རུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《གཙང་པོ་དང་ཆུ་བོ་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་རེད།

     《བསམ་འཆར》གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་བདེ་འཇགས་ལ་སྤྱི་འདོམས། འབྲི་ཆུའི་འབབ་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་དང་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཁུལ་ཁོངས་ཀྱི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ། ཆུ་གྲོན་ཆུང་སྔོན་ལ་འཇོག་པ་དང་། བར་མཐོངས་དོ་སྙོམས། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་པ་བཅས་ཀྱི་ཆུ་བཅོས་བསམ་ཕྱོགས་མཐའ་འཁྱོངས། སྲུང་སྐྱོང་གཙོ་བོར་བྱེད་པ་དང་བཅོས་སྐྱོང་གལ་ཆེར་འཇོག་རྒྱུ་མཐའ་འཁྱོངས། འབབ་རྒྱུད་རྐྱང་ཚན་དུ་བྱེད་པ། ཆུའི་གནོད་འཚེ་དང་། ཆུའི་ཐོན་ཁུངས། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཆུའི་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། གཙང་པོ་དང་ཆུ་བོ་བཅོས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་གཙང་པོ་དང་ཆུ་བོས་མི་དམངས་སྐྱོང་བ་དང་། མི་དམངས་ཀྱིས་གཙང་པོ་དང་ཆུ་བོ་སྲུང་བ། མི་དང་ཆུ་ཞི་མཐུན་མཉམ་གནས་བཅས་ཀྱི་གཙང་པོ་དང་ཆུ་བོ་བཅོས་སྐྱོང་གི་རྣམ་པ་ཞིག་ཆགས་པར་བྱ་རྒྱུ་དེ་རེད།

     དམིགས་ཚད་གཙོ་བོ་ནི། 2035ལོར་སླེབས་སྐབས་འབབ་རྒྱུད་ཀྱི་འབྲུབ་འགོག་དང་གནོད་འཚེ་ཉུང་གཏོང་གི་དེང་རབས་ཅན་གྱི་མ་ལག་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་བཏང་སྟེ། འབྲུབ་འགོག་བདེ་འཇགས་ཀྱི་འགན་ལེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ་དང་། ཆུའི་ཐོན་ཁུངས་གྲོན་ཆུང་ལེགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་བདེ་འཇགས་ཀྱི་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་རྒྱུ། ཆུ་བོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་བཏང་སྟེ་ཆུའི་སྐྱེ་ཁམས་མ་ལག་སྐྱོན་བྲལ་དང་བརྟན་པོ་ཡོང་བར་བྱ་རྒྱུ། ཆུའི་རིག་གནས་དར་རྒྱས་གོང་འཕེལ་བཏང་ནས་ཤུགས་རྐྱེན་ནུས་པ་མངོན་གསལ་དོད་པོས་ཆེ་རུ་གཏོང་རྒྱུ། གཙང་པོ་དང་ཆུ་བོ་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་མི་དང་ཆུའི་འབྲེལ་བ་སྔར་བས་ཞི་མཐུན་ཡོང་བ་བྱ་རྒྱུ་བཅས་རེད།