འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་28ཉིན།

ས་གནས་ཁག་གིས་སློབ་སྦྱོང་སློབ་གསོ་ཏན་ཏིག་སྤེལ་བ།

༄༅།།དངོས་བཤེར་དང་བཅོས་སྒྲིག་ཏན་ཏིག་བྱས་པར་མང་ཚོགས་ཀྱི་ཁས་ལེན་ཐོབ་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་28ཉིན། 13:40】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ།

     “ཁམས་བཟང་། འདི་ག་ནི་12345ཐད་སྦྲེལ་ཁ་པར་ཡིན། ཁྱེད་རང་ནས་གོང་ཞུ་བྱས་པའི་ལས་ཡུལ་གྱི་ཟ་ཁང་གཉེར་འཐུས་ཀྱི་ལག་ཁྱེར་བཟོ་བའི་གནད་དོན་ཐག་གཅོད་བྱུང་སོང་ངམ། ལས་སྒོ་ཡག་པོ་གཉེར་ཐུབ་སོང་ངམ”ཞེས་དྲིས།

    “ལམ་སེང་གཉེར་བར་སླེབས་སོང་། དཔེ་མི་སྲིད་པའི་ཡག་པོ་བྱུང”ཞེས་ལན་བཏབ།

     ཁྲང་ཝུན་གོ་ནི་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་པེ་ཧའེ་གྲོང་ཁྱེར་ཐེ་ཧྲན་གྲུ་ཁའི་ཁུལ་གྱི་ལས་གྲྭའི་རྣམ་གྲངས་ཤིག་གི་འགན་འཁུར་བ་ཡིན་པ་དང་། ལས་ཡུལ་གྱི་ཟ་ཁང་ལ་དྲ་ཐོག་ནས་ཆོག་འཐུས་ལག་ཁྱེར་རེ་ཞུ་བྱེད་སྐབས། ཨང་རྟགས་ལ་རྒྱུན་གཏན་མིན་པའི་གནད་དོན་ཐོན་པས་ཁོང་གིས་12345ཐད་སྦྲེལ་ཁ་པར་བརྒྱབ། ཐེ་ཧྲན་གྲུ་ཁའི་ཁུལ་གྱི་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་གནས་ཚུལ་ཤེས་རྗེས། འགལ་རྐྱེན་ལམ་སེང་བསལ་ཏེ་ཉིན་3ནང་ཁྲང་ཝུན་གོ་ལ་ལག་ཁྱེར་གཉེར་རོགས་བྱས་པ་དང་ཆབས་ཅིག མ་ལག་ལ་སྙོམས་སྒྲིག་ཚོད་ལྟ་དང་ལེགས་གཏོང་བྱས་ཏེ་གནད་དོན་དེ་རིགས་མ་ཐོན་པར་བྱས་ཡོད།

     ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ས་གནས་ཁག་གིས་བྱ་ཐབས་སྣ་མང་སྤྱད་དེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ཐད་གནས་པའི་གནད་དོན་ཕྱོགས་ཡོངས་ནས་འཚོལ་བཤེར་གཏིང་ཟབ་བྱས་ཏེ། གནད་དོན་ག་རེ་ཡོད་ན་དེ་ཐག་གཅོད་བྱེད་པ་དང་གནད་དོན་ག་རེ་མངོན་གསལ་དོད་པ་ཡོད་ན་དེ་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཕྲལ་བཤེར་འཕྲལ་བཅོས་དང་ཤེས་འཕྲལ་བཅོས་སྒྲིག་བྱས་ཡོད།

     ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་མིའི་ཁུལ་ཆུང་ཁག་གཅིག་གི་རླངས་འཁོར་འཇོག་སའི་བོགས་དངུལ་སོགས་སྤྱི་པའི་མ་དངུལ་གཞན་སྤྱོད་དང་སྡེ་ལས་དོ་དམ་ཐད་སྤྱོད་པའི་ཁང་པའི་སྤྱོད་སྒོ་རང་དགར་བསྒྱུར་བ་སོགས་སྡེ་ལས་ཁྱབ་ཁོངས་སུ་ཞུ་གཏུག་རྒྱག་ཚད་སྐབས་ཤིག་རིང་ཧ་ཅང་མང་པོ་ཡོད་པ་རེད།

     ཆིང་ཏའོ་གྲོང་ཁྱེར་གྱིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོང་མིས་བསམ་འཆར་ཆེ་བའི“དོ་བདག་གི་སྤྱི་པའི་ཁེ་འབབ་བཟུང་སྤྱོད་བྱས་པ་སོགས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གནད་དོན་དེ་གྲོང་ཁྱེར་རིམ་ངོས་ཀྱི་གཙོ་གནད་བཅོས་སྒྲིག་གནད་དོན་ལ་གཏན་འཁེལ་བྱས་ཡོད། གྲོང་ཨུད་རྩ་འཛུགས་པུའུ་དང་གྲོང་ཁྱེར་དོ་དམ་ཅུས་སོགས་སྡེ་ཚན་8ཀྱིས་མཉམ་འབྲེལ་ཐོག་བཅོས་སྒྲིག་ཇུས་གཞི་བཟོས་ཏེ་ཚད་ལྡན་དོ་དམ་བྱས་ནས་ཁུལ་ཆུང་གི“ཡོང་འབབ”ལ་དོ་དམ་ཡག་པོ་བྱེད་རོགས་བྱས་ཡོད།

     ཆུ་ཀ་ལའི་གཅུས་སྒོ་གློད་མ་ཐག་ཆུ་ཤག་ཤག་ཏུ་འབབ་པས། སི་ཁྲོན་ཞིང་ཆེན་ཆུས་རྫོང་ཝང་ཤིས་གྲོང་རྡལ་ཡན་པ་གྲོང་ཚོའི་ཡུལ་མི་ཚོའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར།

     ས་དབྱིབས་ཆགས་སྟངས་ཀྱི་ཚོད་འཛིན་ཕོག་པའི་རྐྱེན་གྱིས་ཡན་པ་གྲོང་ཚོར་ལོ་འཁོར་མོར་ཆུ་སྤྱོད་དཀའ་བའི་གནད་དོན་ལྷག་ཡོད། སློབ་སྦྱོང་སློབ་གསོ་སྤེལ་རིང་། ཆུས་རྫོང་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་བཅར་འདྲི་རྟོག་ཞིབ་བྱས་ནས་དམངས་འདོད་ཉན་པ་དང་དཀའ་གནད་བསལ་ཡོད། རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་བྱེད་པ་ཡན་པ་གྲོང་ཚོར་ཡོང་ནས“སྡེ་ཚན་དབར་མཐུན་སྦྱོར་འབྲེལ་མཐུད་ཡག་པོ་མ་བྱུང་བ་དང་ཨར་སྐྲུན་གྱི་མ་དངུལ་ཁ་ཐང་བ”ནི་གྲོང་ཚོར་ཆུ་ཀ་ལ་འཁྲིད་དཀའ་བའི་གནད་དོན་ཆེན་པོ་ཞིག་ཡིན་པ་ཤེས། དེ་རྗེས་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཆུ་མཁོ་འདོན་ཀུང་སི་དང་མཐུན་སྦྱོར་དང་ཤང་དང་གྲོང་རྡལ་སོགས་འགན་འཁུར་ཚན་པ་དང་མཉམ་དུ་གྲོས་བསྡུར་བྱས་ཏེ“ཤང་དང་གྲོང་རྡལ་གྱིས་ཤུགས་གཙོ་བོ་རྒྱག་པ་དང་། ཁེ་ལས་ཀྱིས་ཁེ་ཟ་གྱོང་ཁུར་བྱེད་པ། གྲོང་མིས་རང་གྲབས་བྱེད་པ་བཅས་ཟུང་དུ་འབྲེལ་བའི”བྱ་ཐབས་བཏོན་པས། མཐར་དུད་ཚང་160ཡི་ཡུལ་མི་རྣམས་བློ་བདེའི་ཆུ་འཐུང་རྒྱུ་བྱུང་ཡོད།

     ས་ཁུལ་ཁག་གིས་སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་ཀྱིས་བཤེར་འདོན་དང་བཅོས་སྒྲིག་ནང་མང་ཚོགས་ཞུགས་པར་སྣང་ཆེན་བྱས་ཏེ། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་དང་ཏང་ཡོན་ལས་བྱེད་པས་རང་འགན་ཐེག་པ་འཁུར་ལེན་དང་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ་མང་ཚོགས་ཚོས་མཐོང་ཐུབ་པ་དང་ཚོར་ཐུབ་པ་བྱས་ཡོད།

     “འདི་གར་སླེབས་རྗེས་ངས་ཉིན་ལྟར་གྲོགས་པོ་རྙིང་པ་དང་མཉམ་དུ་ཤོག་དྲས་འདྲ་གཟུགས་བཟོ་ཞོར་དུ་ཅི་འཕྲོས་མོལ་འཕྲོས་བཤད་ནས་སྡོད་ཆོག་པས། ཡུལ་པོ་གཏན་ནས་མི་འདུག”ཅེས་པེ་ཅིང་གྲོང་ཁྱེར་ཧྲི་ཅིང་ཧྲན་ཆུས་ཝུའུ་ལི་ཐོ་ཁྲོམ་གཞུང་རྒན་གསོའི་ཞབས་ཞུ་ལྟེ་གནས་སུ་ཨ་ཅག་ཧུའུ་ལགས་ཀྱིས་དྲས་མ་ཐག་པའི་སྒེའུ་ཁུང་མེ་ཏོག་ལག་ཏུ་ཁྱེར་ནས་དེ་ལྟར་བརྗོད། ཁུལ་ཁོངས་དེའི་རྒན་གསོའི་ཞབས་ཞུ་ལྟེ་གནས་ད་ལོ་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་དང་དེ་ནི་རིག་ལྡན་ལྟ་སྐྱོང་དང་། ཁ་ལག་ཟ་སྟབས་བདེ་བ། རོལ་རྩེད་དང་སློབ་སྦྱོང་། སྨན་བཅོས་འཕྲོད་སྦྱོར་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པས། ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོས་སྒོ་རྩ་ནས་རྒན་གསོའི་ཞབས་ཞུ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།

    སློབ་སྦྱོང་སློབ་གསོ་སྤེལ་ཚུན་དུ་ཧྲི་ཅིང་ཧྲན་ཆུས་ཀྱིས“བྱ་བ་དངོས་བསྒྲུབས་ནས་དམངས་ལ་ཕན་འདོགས་པའི་འགག་སྒྲོལ་བྱ་སྤྱོད”གཏིང་ཟབ་སྤེལ་ཏེ། ཁྲོམ་གཞུང་ཁུལ་དུ་རྒན་གསོའི་ཞབས་ཞུའི་ལྟེ་གནས་2གསར་དུ་བཙུཌ་པ་དང་རྒན་གསོའི་ཉལ་ཁྲི་4640བརྒྱབ་ཡོད། གཞན་ཡང་། རྒན་གསོའི་ཟ་ཁང་4གསར་དུ་བསྐྲུན་ཞིང་། བསྡོམས་པས་རྒན་གསོའི་ཟ་ཁང་83གྱིས་རིམ་རྩིས་བརྒྱབ་ན་མི་ཐེངས་ཁྲི་21.1ལ་ཞབས་འདེགས་ཞུས་ཏེ། རྒན་རྒོན་ཚོར་ཁྱིམ་ལས་དང་བདེ་ཐང་དོ་དམ་སོགས་རྒན་གསོའི་ཞབས་འདེགས་ཁ་ཡོད་ལག་ཡོད་ཞུས་ཡོད།

     ཨན་ཧུའེ་ཞིང་ཆེན་ཐུང་ལིང་གྲོང་ཁྱེར་གྱིས་སྒོ་དབྱེའི་སློབ་གསོ་མཐའ་འཁྱོངས་བྱས་ནས་ཁེ་ལས་ལ་འཚམས་འདྲི་དང་གྲོང་ཚོར་བསྐྱོད་དེ“ཏང་ཡོན་གྱིས་ཁྱིམ་ཚང་ཁྲི་སྟོང་མང་པོར་ཞབས་འདེགས་ཞུ་བའི”བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་གིས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད། “གྲོང་མིར་བདེ་འཇགས་ངང་གློག་དང་སོལ་རླངས་སྤྱོད་རྒྱུ་ཡོང་བར་བྱེད”ཅེས་པ་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་བྱེད་སྒོ་སྤེལ་བ་རེད།

      ཧེ་ལུང་ཅང་ཞིང་ཆེན་སུའེ་པིན་རྫོང་གིས་གཞི་རིམ་ཏང་རྩ་འཛུགས་ལ་མཛུབ་ཁྲིད་བྱས་ཏེ་ཇ་སྟོན་ཚོགས་འདུ་དང་དྲ་ཐོག་དོན་གྲོས་ཚོགས་འདུ་སོགས་བརྒྱུད། དམངས་ཀྱི་འདུན་པ་མཚོན་པའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ནས་མང་ཚོཌ་ཞུགས་པའི་རྒྱུན་རྣམ་ཅན་གྱི་འབྲེལ་གཏུག་ལམ་སྲོལ་བཙུཌ་པ་རེད། མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་ཁོར་ཡུག་འཕྲོད་བསྟེན་དང་། རླངས་འཁོར་གང་བྱུང་དུ་ཁ་འགོག་པ་དང་འཇོག་པ། གློག་སྐུད་གང་བྱུང་དུ་འཐེན་པ་སོགས་ཀྱི་གནད་དོན་ལ་དམིཌ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་གི་འགག་སྒྲོལ་བྱ་སྤྱོད་ལག་ལེན་ཤུགས་ཆེན་བསྟར་བར་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་ཡོད་པ་རེད།