འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་27ཉིན།

༄༅།།ཞི་ཅིན་ཕིང་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་ཡིས་ཀྲུང་གོ་དང་མོ་ཙམ་པི་ཁེ་དབར་ཕྱི་འབྲེལ་བཙུགས་
ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་27ཉིན། 13:38】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མོ་ཙམ་པི་ཁེའི་ཙུང་ཐུང་ཁྲ་པོ་ཡིས་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་ནས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུས་པ་རེད།

     ཞི་ཅིན་ཕིང་གིས་གསུངས་དོན། ཕྱི་འབྲེལ་བཙུགས་ནས་ལོ་ངོ་50ཡི་རིང་། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་། ཀྲུང་གོ་དང་མོ་ཙམ་པི་ཁེ་ཕྱོགས་གཉིས་པོས་ཕན་ཚུན་ཡིད་ཆེས་དང་ཕན་ཚུན་རྒྱབ་སྐྱོར་བྱས་པས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྲ་ཞིང་བརྟན་པར་གྱུར་ཡོད། ཕྱོགས་གཉིས་པོས་ཕྱི་འབྲེལ་འཛུགས་པའི་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཚེ། རྒྱལ་ཁབ་གཉིས་པོའི་འབྲེལ་བར་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡོང་ངེས་ཡིན་པ་ངས་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད། ངས་ཀྲུང་གོ་དང་མོ་ཙམ་པི་ཁེའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། སྐུ་ཞབས་ཙུང་ཐུང་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་འགོ་ཚུགས་ས་གསར་པར་བྱས་ནས་སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ་དང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་ཧྥེ་མཉམ་ལས་གླེང་སྟེགས་སོགས་ཀྱི་སྒྲོམ་གཞིའི་ནང་གཉིས་ཁེ་མཉམ་ལས་ཟབ་ཏུ་བཏང་ནས་ཀྲུང་གོ་དང་མོ་ཙམ་པི་ཁེའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ལེའུ་གསར་པ་མཉམ་དུ་རྩོམ་འདོད་ཡོད།

     ཁྲ་པོ་ཡིས་གསུངས་དོན། རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བ་དེ་མོ་ཙམ་པི་ཁེ་རང་བཙན་བྱས་ནས་ལོ་ངོ་50འཁོར་བ་དང་ཏག་ཏག་འཁེལ་བ་དེ་ལས། རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་དང་སྤུན་ཟླའི་བརྩེ་སེམས་མངོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་མོ་ཙམ་པི་ཁེས་རང་བཙན་བརྩོན་ལེན་བྱེད་པའི་ལམ་བུར་ཆ་རྐྱེན་མེད་པའི་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མོ་ཙམ་པི་ཁེ་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལ་མུ་མཐུད་བརྩི་སྲུང་ཞུས་ཏེ་ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་མངོན་འགྱུར་བྱ་ཆེད་གནང་བའི་འབད་བརྩོན་མཐའ་དག་དང་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོ་གལ་ཆེན་ལ་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕན་ཚུན་བརྩི་འཇོག་དང་གཉིས་ཁེ་གཉིས་ཕན་གྱི་རྨང་གཞིའི་ཐོག་ཕྱོགས་གཉིས་ཀྱི་འབྲེལ་བ་མུ་མཐུད་ཟབ་ཏུ་གཏོང་བ་དང་། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ། མཉམ་དུ་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བཅས་བྱས་ནས་འཛམ་གླིང་ཞི་བདེ་དང་། བདེ་འཇགས། དར་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད།