འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་27ཉིན།

༄༅།།ལས་བྱེད་པ་གནས་སྡོད་ཀྱིས་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

—— མཚོ་སྔོན་ཞིང་ཆེན་མང་ཨེ་གྲོང་ཁྱེར་གྱིས་ལས་བྱེད་པ་འཐབ་ས་དང་པོར་མངགས་ནས་ཡུལ་སྐོར་འཕེལ་རྒྱས་ཀྱི་དཀའ་གནད་བསལ་བ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་27ཉིན། 13:35】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    འདི་ག་ཚགས་པར་གྱི་གསར་འགོད་པ། ཆའོ་ཏུང་།

    དབྱར་ཉི་མ་ལྡོག་གོང་གི་ཉིན་ཤས་རིང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི་15ཙམ་ལས་མ་ཟིན་པའི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་མང་ཨེ་གྲོང་ཁྱེར་ལེང་ཧུའུ་གྲོང་རྡལ་དུ་གློ་བུར་དུ་ཆར་པ་ཆེན་པོ་བབས་པས་ཡུལ་སྐོར་བ་མང་པོ་ཞིག་ས་ནག་རི་བོའི་མཛེས་ལྗོངས་ཁུལ་དུ་ལུས།

    ལེང་ཧུའུ་གྲོང་རྡལ་དུ་གནས་སྡོད་བྱེད་བཞིན་པའི་མང་ཨེ་གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལུའེ་ཧའེ་ཆོན་གྱིས་མཛེས་ལྗོངས་ཁུལ་གྱི་གྲབས་སྤྱོད་རླངས་འཁོར་མཐུན་སྦྱོར་གྱིས་ཡུལ་སྐོར་བ་སྐྱེལ་འདྲེན་བྱས་པ་དང་ཆབས་ཅིག ཆར་ལྭ་དང་ཆར་གདུགས་བཀོད་སྒྲིག་བྱེད་པར་བྲེལ།

     ཉིན་དེའི་དགོང་མོར། ལུའེ་ཧའེ་ཆོན་གྱིས་རེས་སྐོར་བཅའ་སྡོད་པ་ཚོར་ཚོགས་འདུ་འཚོགས་ནས་གནད་དོན་གསལ་བོར་བསྟན། ལེང་ཧུའུ་གྲོང་རྡལ་དུ་གནས་སྡོད་བྱེད་བཞིན་པའི་མང་ཨེ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་མི་དམངས་ཉེན་རྟོག་པ་ཡུས་དབྱི་ལེང་གིས“ང་ཚོས་དུས་ཐོག་ཏུ་འགྲིམ་འགྲུལ་བཀོད་འདོམས་བྱས་ནས་ཡུལ་སྐོར་བ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་འོང་ཡོང་ཐབས་བྱེད་དགོས”ཞེས་མུ་མཐུད་དུ་བཤད།

     མང་ཨེ་གྲོང་ཁྱེར་གྱི་ཧྲེ་ཀྲང་སུའུ་ཧྭ་ཡེ་ཡིས། གྲོང་རྡལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་ཆེད། མང་ཨེ་གྲོང་ཁྱེར་གྱིས་འགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པ་ལེང་ཧུའུ་གྲོང་རྡལ་དུ་གཤམ་སྐྱོད་གནས་སྡོད་བྱེད་པའི་ལམ་ལུགས་བཟོས་ནས། ལེང་ཧུའུ་གྲོང་རྡལ་གྱི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་དཀའ་ངལ་དངོས་དུས་ཐོག་ཏུ་ཤེས་རྟོགས་བྱས་པ་དང་ཆབས་ཅིག ཐོན་ཁུངས་བཀོད་གཏོང་གིས་ཐག་གཅོད་བྱས་པ་ཡིན་ཞེས་ངོ་སྤྲོད་བྱས།

     དུས་ཐོག་ཏུ་གོང་རིམ་ལ་སྙན་སེང་ཞུ་བ་དང་དཀའ་ངལ་ཐག་གཅོད་བྱེད་པར་གཞོལ་བའི་དངོས་སྒྲུབ་ཀྱི་བསམ་པ་བཅངས་པ།

    གནས་སྡོད་བྱས་པའི་ཉིན་གཉིས་པར་ཡུས་དབྱི་ལེང་གིས་བྱ་བ་ཞིག་སྒྲུབ་འགོ་བརྩམས་པ་སྟེ། ཁོང་གིས་ཉེ་བའི་ལོ་ལྔའི་རིང་ལེང་ཧུའུ་གྲོང་རྡལ་ཁོངས་གཏོགས་སུ་ལས་འཛོལ་ཐོན་ཚད་དང་ཐོན་ཡུལ་ལ་ལྟ་ཞིབ་བྱས་ནས་ལས་འཛོལ་ཐོན་མང་བའི་ས་བཀྲ་ཞིག་བཟོས། “ལས་འཛོལ་ཐོན་མང་བའི་ས་བཀྲར་གཞིགས་ན། ང་ཚོས་ལེང་ཧུའུ་གྲོང་རྡལ་བྱང་ངོས་ཀྱི་སྤྱི་ལེ་45ཡི་སར་ཡོད་པའི་ས་ནག་རི་བོའི་རི་ཟུར་དང་སུའུ་ཀན་མཚོའི་ཉེ་འགྲམ་དུ་ལས་འཛོལ་ཐོན་མང་ཤོས་ཡིན་པ་ཤེས་རྟོགས་བྱུང”ཞེས་ཁོང་གིས་བཤད།

     ཡུས་དབྱི་ལེང་གིས་འགྲིམ་འགྲུལ་ཉེན་རྟོག་པ་10ཁྲིད་ནས་ཆེད་མངགས་གནས་དེར་བསྐྱོད་ཅིང་། “ས་ཡུལ་དངོས་སུ་སླེབས་ནས་ལྟ་སྐབས་རྐྱེན་གང་ཞིག་ཡིན་མིན་གསལ་པོ་མཐོང་གི་འདུག ལེང་ཧུའུ་གྲོང་རྡལ་ནས་ཐོན་པ་ན་སྤྱི་ལེ་བཞི་བཅུ་ལྔ་བཅུ་ཙམ་གྱི་གཞུང་ལམ་འདྲོང་པོ་ཞིག་བརྒྱུད་དགོས་པས། ཁ་ལོ་བར་ཉོབ་མདངས་སླེབས་ཏེ་གཉིད་ཡུར་སླ་བས་འགྲིམ་འགྲུལ་ལས་འཛོལ་ཐོན་གྱི་ཡོད”ཁོང་ཚོས་གནད་དོན་དེ་ཐད་ཀར་གྲོང་ཁྱེར་སྤྱི་བདེ་ཅུས་ལ་སྙན་སེང་ཞུ་རྒྱུའི་ཐག་བཅད། དེ་རྗེས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་རྒྱབ་སྐྱོར་འོག ཁོང་ཚོས་དེ་གར་འགག་མདོ་མང་དུ་བཏང་བས། “ཕྱོགས་གཅིག་ནས་དབྱར་དུས་རླངས་འཁོར་མང་བའི་གནོན་ཤུགས་ཆུང་དུ་གཏོང་ཐུབ་པ་དང་། ཕྱོགས་གཞན་ཞིག་ནས་རླངས་འཁོར་གྱི་མྱུར་ཚད་དལ་དུ་བཏང་སྟེ་ལས་འཛོལ་ཉུང་དུ་གཏོང་ཐུབ”ཅེས་ཡུས་དབྱི་ལེང་གིས་བཤད།

      ཡུལ་སྐོར་གསར་སྤེལ་ཐད་ཆེད་ལས་མིན་པ་དང་དཀའ་གནད་ཐག་གཅོད་ཚན་རིག་དང་མི་མཐུན་པས། ལེང་ཧུའུ་གྲོང་རྡལ་གྱི་ཀྲེན་ཀྲང་ཕུའུ་ཀྲེན་ཞ་དངངས་འཚབ་ཆེན་པོ་ལངས་པ་མ་ཟད་གནོན་ཤུགས་ཀྱང་ཆེ་རུ་ཕྱིན། གྲོང་རྡལ་འཁྲུག་ཏུ་སོང་རྗེས། གོང་རིམ་གྱིས་བླང་བྱ་མང་པོ་བཏོན་པ་སྟེ་དཔེར་ན། སྣེ་ལེན་ནུས་པ་ཆེ་རུ་གཏོང་བ་དང་སྡོད་ཁང་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ་སོགས་བྱས་ཏེ་ཚད་གཞི་མཐོ་བའི་ཡུལ་སྐོར་གྲོང་རྡལ་ཞིག་སྐྲུན་དགོས་པ་སོགས་རེད།

      སེམས་བསམ་པ་བར་སྣང་ལ་རྟ་རྒྱུག་ཀྱང་། དོན་དམ་པ་སྦར་མཐིལ་ལ་སོ་མི་ཐེབས་ཞེས་པའི་དཔེ་ལྟར། ཕུའུ་ཀྲེན་ཞ་ཡིས། ལེང་ཧུའུ་གྲོང་རྡལ་མ་བཙུགས་གོང་སྐབས་དེ་དུས་ཀྱི་མངགས་གཏོང་ལས་དོན་ཨུ་ལྷན་གྱིས་སྤྱི་པའི་བོགས་གཏོང་ཁང་པ་ཁག་གཅིག་བསྐྲུན་མྱོང་ཡོད། 2018ལོར་གྲོང་རྡལ་དུ་བསྒྱུར་རྗེས། སྤྱི་པའི་བོགས་གཏོང་ཁང་པ་དེ་དག་སྡོད་མཁན་མེད་པའི་བེད་མེད་ཁང་པར་གྱུར་ཡོད། གྲོང་རྡལ་ནས་དེ་དག་བསྡུ་སྒྲིལ་བྱས་ཏེ་དམངས་སྲོལ་གནས་ཚང་ལ་སྒྱུར་བཀོད་བྱེད་འདོད་མོད། འོན་ཀྱང་རྒྱུ་བདག་བརྗེ་མི་ཐུབ་པ་དང་ལག་ཁྱེར་གཉེར་མི་ཐུབ་པས་ལས་ཀ་དེ་རྦད་དེ་འགྱངས་ཡོད་ཅེས་བཤད།

    གནད་དོན་དེ་དག་ཤང་དང་གྲོང་རྡལ་རིམ་པ་གཅིག་ཁོ་ནས་ཐག་གཅོད་དཀའ་བས། “ཐད་ཀར་གོང་རིམ་ལ་ཞུའམ་ཡང་ན་རང་སོར་འཇོག” མཐར་ཕུའུ་ཀྲེན་ཞ་ཡིས་གོང་རིམ་ལ་སྡུག་བསྔལ་བགྲང་རྒྱུའི་ཐག་བཅད། ཡུས་དབྱི་ལེང་གིས་ཀྱང་ཕུའུ་ཀྲེན་ཞ་ལ་གང་མགྱོགས“དྲང་པོ་དྲང་གཞག་ཤོད་དགོས་པའི”གྲོས་འགོ་བཏོན། “ཐོག་མར་གོང་རིམ་ལ་ཞུས་ན་ང་ཚོས་འགན་དེ་ཙམ་མི་འཁུར་བའི་སྣང་བ་ཞིག་ཡོད་མོད། འོན་ཀྱང་གནད་དོན་འདི་དག་འགྱངས་མི་རུང་བས། དཀའ་ངལ་ཅི་ཡོད་གོང་ལ་ཞུ་དགོས”ཞེས་ཕུའུ་ཀྲེན་ཞ་ཡིས་འབྲེལ་ཡོད་གནད་དོན་ལེགས་སྒྲིག་བྱས་རྗེས་མང་ཨེ་གྲོང་ཁྱེར་གྱི་འགོ་ཁྲིད་ལ་ཞུས།

     གཞི་རིམ་ལ་རང་འགུལ་ངང་ལས་འགན་སྒྲུབ་རོགས་བྱེད་པའི་ཐབས་ཤེས་མང་དུ་བཏང་བ།

     “གནས་སྡོད་ཟླ་བ་གཅིག་བྱས་པར་གྲུབ་འབྲས་ཇི་སྙེད་ཅིག་ཐོབ་ཅིང་། ལེང་ཧུའུ་ནི་གྲོང་ཁུལ་དང་བར་ཐག་སྤྱི་ལེ་300ཆོད་པ་དང་དེ་སྔ་ས་བཀྲའི་སྟེང་ནས་མཐོང་བ་ཙམ་ལས་འགྲོ་མྱོང་མེད། དངོས་སུ་དེ་གར་བསྐྱོད་རྗེས་གནད་དོན་མང་པོ་ཞིག་འདུག་ལ་གྲུབ་འབྲས་ཀྱང་མི་དམན་པ་ཐོབ་བྱུང”ཞེས་ཡུས་དབྱི་ལེང་གིས་མྱོང་ཚོར་ཟབ་མོས་བཤད།

     དེ་སྔའི་ལེང་ཧུའུ་གྲོང་རྡལ་གྱི་སྤྱི་ལེ་ངོས་གྲུ་ཁྲི་1.7གྱི་ས་ཁྱོན་ནང་རྒྱུན་སྡོད་འགྲིམ་འགྲུལ་ཉེན་རྟོག་པ་5ལས་མེད། ཡུལ་སྐོར་བ་དང་འགྲོ་འོང་བྱེད་མཁན་འཁོར་རིགས་ཧོབ་སྟེ་མང་དུ་སོང་བ་དང་སྦྲགས་ལས་སྒྲུབ་ཉེན་རྟོག་པ་འདང་གི་མེད། ཤང་དང་གྲོང་རྡལ་དུ་དེ་སྔ་རུ་འབྲིང་བཙུགས་ནས་ལས་མི་མང་དུ་གཏོང་གི་ཡིན་ཞེས་བཏོན་ལ། ཡུས་དབྱི་ལེང་གིས“ང་ཚོས་ཀྱང་དེ་སྔ་ཚོགས་འདུའི་ཐོག་གྲོས་བསྡུར་བྱས་མོད། འོན་ཀྱང་དེ་སྔ་ཚང་མས་ལེང་ཧུའུ་ནི་ས་ཐག་རིང་བའི་ལུང་ཁུག་ཏུ་གནས་པས་སྐོར་ཞིབ་སྟོབས་ཤུགས་མང་དུ་གཏོང་བའི་དགོས་པ་དེ་ཙམ་མེད་པའི་ངོས་འཛིན་བྱེད་ཀྱི་འདུག”ཅེས་བཤད། གྲོང་རྡལ་དུ་གནས་སྡོད་བྱས་རྗེས། ཁོང་གིས“རྒྱལ་ལམ་དང་གྲོང་རྡལ་དུ་འཁོར་རིགས་འགགས་པའི་སྣང་ཚུལ་འདུག ད་ལྟ་བལྟས་ན་དེ་ནི་ས་ཆ་དངོས་སུ་བརྟག་ཞིབ་ཉུང་དྲགས་པས་ཐབས་ཇུས་འགོད་པར་གཞི་འཛིན་ས་དཀོན་པས་རེད། མི་མང་དུ་གཏོང་དགོས་ངེས་རེད”ཅེས་བཤད།

     “གཙོ་གནད་ལས་གྲྭ་དང་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཡུལ་སྐོར་གྱི་སྣེ་ལེན་ནུས་པ་ཆེ་རུ་གཏོང་བ། ཆེད་ལས་ཡུལ་སྐོར་གྱི་ཁྲིམས་བསྟར་དང་གྲོང་ཁྱེར་ལྟ་འདོམས་སོགས་ཀྱི་ཐད། གྲོང་ཁྱེར་ནས་རིམ་སྤར་སྒྲུབ་གཉེར་དང་མི་སྣ་གཤམ་སྐྱོད་བྱེད་དགོས་པ་ལས་ལས་གཡོལ་དཔོན་པོ་བྱེད་མི་རུང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། ངས་རྟག་ཏུ་སེམས་སུ་འཛིན་པའི་འགན་འཁྲི་འཁུར་སེམས་དང་ཐེག་པ་ཁུར་ལེན་ཧུར་ཐག་བྱེད་པའི་ཉམས་འགྱུར་ལ་བརྟེན་ནས་ལས་དོན་ཡག་པོ་སྒྲུབ་དགོས་ལུགས་གཏིང་ཟབ་ཚོར་བྱུང་། བཀའ་རྒྱ་ཁོ་ནར་བརྟེན་ནས་ལས་འགན་བགོ་མི་རུང་བར་དོན་དངོས་ལ་བསམ་གཞིག་བྱས་ཏེ་གཞི་རིམ་ལ་ལས་འགན་སྒྲུབ་རོགས་བྱེད་དགོས”ཞེས་མང་ཨེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཝུའེ་མིན་གྱིས་བཤད།

     དེ་རྗེས། མང་ཨེ་གྲོང་ཁྱེར་གྱིས་ཆེད་མངགས་ཐག་གཅོད་ཀུང་སི་བཙུགས་ཏེ་མང་ཨེ་གྲོང་ཁྱེར་ཁོངས་སུ་གཏོགས་པའི་ལེང་ཧུའུ་གྲོང་རྡལ་གྱི་ཁང་ས་59ལ་གྲལ་བཤེར་དང་བདེ་འཇགས་ཀྱི་དཔྱད་སྡོམ་བྱས་ནས་གཏན་འཇགས་རྒྱུ་ནོར་གྱི་ཁེ་དབང་ལག་ཁྱེར་གཉེར་བ་རེད། མིག་སྔར། མང་ཨེ་གྲོང་ཁྱེར་གྱིས་ཡུལ་སྐོར་གསར་སྤེལ་ཀུང་སི་མང་པོ་ཞིག་དྲངས་ཏེ་བདག་དབང་གཏན་འཁེལ་ཟིན་པའི་ཁང་ས་གསར་སྤེལ་བྱས་པ་རེད།

     སྐབས་ཤིག་རིང་གི་བྱ་ཐབས་ནས་ཕུགས་ཕན་བཅོས་སྐྱོང་ལ་བསམ་བློ་གཏོང་བའི་འདུ་ཤེས་འཇགས་པར་བྱས་པ།

     ལས་བྱེད་པ་དུས་བཀག་ནང་རེས་མོས་བཅའ་སྡོད་བྱེད་པ་ནི་གྲོང་རྡལ་འཛུགས་སྐྲུན་བྱེད་རིང་གི་ཁ་གཏད་གཅོག་ཐབས་ཤིག་ཡིན་པས། ཕུགས་ལ་འཕེལ་རྒྱས་གཏོང་དགོས་ན་རྩ་བ་ནས་དཀའ་གནད་སེལ་དགོས།

     ཕུགས་ལ་བསམ་བློ་གཏོང་བ་ནི“རྟེའུས་ཐེར་ཆེན་འདྲུད་པའི”གནད་དོན་ཞིག་རེད། “ང་ཚོས་ཡུལ་སྐོར་འཕེལ་རྒྱས་ལ་དམིགས་ནས་འགན་འཁྲིའི་གསལ་ཐོ་དང་། གཞོགས་འདེགས་ཀྱི་གསལ་ཐོ། གོང་འབུལ་གསལ་ཐོ་བཅས་བཟོས་ནས་ལེང་ཧུའུ་གྲོང་རྡལ་གྱིས་གང་ཞིག་སྒྲུབ་པ་དང་ཇི་ལྟར་སྒྲུབ་པའི་ཐད་མཚམས་ཐིག་གསལ་པོ་བཟོས་ཡོད”ཅེས་ཕུའུ་ཀྲེན་ཞ་ཡིས་བཤད། ལེང་ཧུའུ་གྲོང་རྡལ་གྱི་འགན་འཁྲིའི་གསལ་ཐོར་ཤང་དང་གྲོང་རྡལ་གྱི་འགན་འཁྲི་ཁག་35བཟོས་ཤིང་། དེའི་ནང་ལེང་ཧུའུ་གྲོང་རྡལ་དུ་བཅའ་སྡོད་གྲོང་ཁྱེར་ཐད་གཏོགས་ཚན་པ་ཁག་གི་མི་སྣའི་སྣེ་ཁྲིད་དེ་ཏང་འཛུགས་མནའ་འབྲེལ་འཛུགས་པ་དང་། ཡུལ་སྐོར་དང་བླངས་པའི་དཔུང་ཁག་འཛུགས་པ། ཡུལ་སྐོར་གཉེར་སྐྱོང་བྱེད་པོར་ཐོ་འགོད་དང་སྡོད་གནས་མཁོ་འདོན་བྱེད་པའི་ལས་གཏོད་ཞབས་ཞུ་སོགས་ཚུད་ཡོད།

     “གོང་འབུལ་གསལ་ཐོར་གནད་དོན་ཁག་106ཡོད་པ་དེ་དག་ནང་གང་དག་ཤང་དང་གྲོང་རྡལ་ནས་སྒྲུབ་མི་དགོས་པ་ཁ་གསལ་བཏོན་ཡོད”ཅེས་ཕུའུ་ཀྲེན་ཞ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས། ཆ་བཞག་ན་འདས་ཟིན་པའི་ལོ་གཉིས་རིང་གོང་རིམ་ནས་ལེང་ཧུའུ་གྲོང་རྡལ་ལ་གཞི་རིམ་འཕྲོད་བསྟེན་ཁང་གི་མི་སྣ་མང་དུ་བཏང་ནས་ཡུལ་སྐོར་བའི་སྨན་བཅོས་ཀྱི་དགོས་མཁོ་སྐོང་དགོས་པའི་བླང་བྱ་བཏོན་ཡོད། ད་ཆ་གསལ་ཐོའི་ནང་ལེང་ཧུའུ་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དེ་ཉིད་རྫོང་རིམ་པའི་སྨན་བཅོས་ཚོགས་པ་དང་ཀྲོའུ་ཡི་སྨན་བཅོས་གཅིག་མཐུན་ཚོགས་པས་སྒྱུར་བཀོད་རིམ་སྤོར་བྱས་ཏེ་གྲོང་རྡལ་གྱི་གནོན་ཤུགས་ཆུང་དུ་བཏང་བ་ཡིན་ཞེས་བཤད།

    མང་ཨེ་གྲོང་ཁྱེར་གྱིས་ལས་བྱེད་པ་གནས་སྡོད་ཁྱབ་སྤེལ་བཏང་བ་དང་ཡུལ་སྐོར་གྱི་འགན་དབང་གསལ་ཐོ་ཁ་གསལ་བཟོས་རྗེས། ལེང་ཧུའུ་ཡི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཁོར་ཡུག་དེ་བས་ལེགས་སུ་སོང་ཡོད་པ་རེད།