གསར་འགྱུར་སྤེལ་དུས། 【2025ལོའི་ཟླ་ 06ཚེས་26ཉིན། 15:42】 ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)
ཟླ་6ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་དང་མཇལ་འཛོམས་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་24ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་དངོས་གཞིའི་འཚམས་འདྲིར་ཕེབས་པའི་སིང་ཀ་ཕོར་གྱི་ཙུང་ལི་ཧོང་ཞུན་ཚའེ་དང་མཇལ་འཛོམས་གནང་བ་རེད།
ཞི་ཅིན་ཕིང་གིས་ཧོང་ཞུན་ཚའེ་ལ་འདེམས་བསྐོའི་རྒྱལ་ཁ་ཐོབ་ནས་འགན་མུ་མཐུད་བཞེས་་པར་རྟེན་འབྲེལ་ཞུས་ཤིང་། ཞི་ཅིན་ཕིང་གིས་འདི་ལོ་ནི་ཀྲུང་གོ་དང་སིང་ཀ་ཕོར་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་ལོ་ཞིག་རེད། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་བརྩི་འཇོག་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་སིང་ཀ་ཕོར་དབར་གྱི་འབྲེལ་བ་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བརྟན་པོ་བྱས་ཡོད། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཉམ་ལས་དེ་ཀྲུང་གོའི་དུས་མཚམས་ཁག་གི་འཕེལ་ཕྱོགས་དང་གཙོ་གནད་དང་མཐུན་པ་དང་། སུའུ་ཀྲོའུ་བཟོ་ལས་གླིང་སོགས་མཉམ་ལས་ཀྱི་གྲུབ་འབྲས་ལྗིད་ཏིག་ཏིག་མང་པོ་ཐོབ་ནས། རྒྱལ་ཁབ་གཉིས་པོའི་རང་རང་སོ་སོའི་དེང་རབས་ཅན་འཛུགས་སྐྲུན་ལ་རམ་འདེགས་གལ་ཆེན་བྱུང་ལ། ས་ཁུལ་དང་རྒྱལ་ཁབ་ཀྱི་མཉམ་ལས་ལ་ཚད་འཛིན་ས་ཞིག་ཀྱང་བཙུགས་ཡོད། ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་ནས་ཉམས་མྱོང་དང་བློ་གྲོས་བསྡུ་ལེན་བྱེད་པ་དང་། སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་གྲོགས་སྡོང་པོར་ལོ་འདབ་རྒྱས་ནས་འབྲས་བུ་འདོགས་དགོས་ཞེས་བསྟན་གནང་བ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོ་དང་སིང་ཀ་ཕོར་གྱིས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་ཁ་ཕྱོགས་ཆེན་པོ་ཁོང་དུ་བརྟན་པོར་ཆུད་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་མཐོ་ཚད་དང་ཕུགས་ཀྱི་ལྟ་ཕྱོགས་ནས་ཀྲུང་གོ་དང་སིང་ཀ་ཕོར་གྱི་འབྲེལ་བར་ལྟ་སྟངས་འཛིན་པ་དང་འཕེལ་རྒྱས་བཏང་ནས། ཁ་ཕྱོགས་མི་འཛོལ་བ་དང་སྒུལ་ཤུགས་ཆུང་དུ་མི་འགྲོ་བའི་འགན་ལེན་བྱེད་དགོས། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་གྲོགས་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་བྱས་ཏེ། ཆུ་ཚད་དེ་བས་མཐོ་པོས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་དགོས། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་ནས་ཀྲུང་གོའི་འཕེལ་རྒྱས་ནང་མུ་མཐུད་མཉམ་འདྲེས་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཕྱོགས་གཉིས་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཚོན་རྟགས་རང་བཞིན་གྱི་གྲུབ་འབྲས་གཏོད་པ། གཙོ་གནད་རྣམ་གྲངས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྤུས་ཚད་མཐོ་བའི་མཉམ་ལས་ཀྱི་ལེའུ་གསར་པ་མུ་མཐུད་རྩོམ་དགོས། རྒྱལ་ཁབ་གཉིས་པོའི་མི་དམངས་རྒྱུན་དུ་ཕན་ཚུན་འགྲོ་འོང་བྱེད་པར་བསྔགས་སྐུལ་བྱས་ནས་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ཀྲུང་གོ་དང་སིང་ཀ་ཕོར་གྱི་མཛའ་གྲོགས་འབྲེལ་བ་སྔར་བས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་འགོག་ཐབས་མེད་པ། འཛམ་གླིང་གིས་བཙན་དབང་རིང་ལུགས་བསྐྱར་དུ་བསྒྲུག་རྒྱུ་མེད་ལ་ནགས་ཚལ་ངེས་སྲོལ་ནང་དུ་མི་ཚུད་པའང་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་སིང་ཀ་ཕོར་ཕྱོགས་དང་མཉམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་ཏེ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་བསྟུན་མཁས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ཐུན་མོང་ཐོག་དར་སྤེལ་བཏང་ནས་འཛམ་གླིང་དེ་ཉིད་ཞི་བདེ་དང་། བདེ་འཇགས། དར་རྒྱས། ཡར་ཐོན་བཅས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་ཕྱོགས་སུ་སྐྱོད་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
ཧོང་ཞུན་ཚའེ་ཡིས་སིང་ཀ་ཕོར་དང་ཀྲུང་གོའི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་ཡིད་ཆེས་བྱས་པས། རྒྱལ་ཁབ་གཉིས་པོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་མཉམ་ལས་དམ་ཟབ་བྱུང་ཡོད། སིང་ཀ་ཕོར་གྱི་འགོ་ཁྲིད་པ་སྐབས་རིམ་བྱུང་ཚང་མས་སིང་ཀ་ཕོར་དང་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་གནང་ཡོད། ཀྲུང་གོ་ནི་ངས་ལས་འགན་བསྟུད་འཛིན་བྱས་རྗེས་འཚམས་འདྲིར་ཡོང་བའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཕུད་པའི་རྒྱལ་ཁབ་དང་པོ་དེ་ཡིན། སིང་ཀ་ཕོར་གྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མུ་མཐུད་མཐའ་འཁྱོངས་བྱས་ཏེ“ཐའེ་དབན་རང་བཙན”ལ་ངོ་རྒོལ་བྱེད་ཀྱི་ཡིན། རྒྱལ་ཁབ་གཉིས་པོས་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུ་བའི་སྐབས་སུ། སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་དར་རྒྱས་གོང་འཕེལ་ཕྱིན་པ་ལས་བྱུང་བའི་གོ་སྐབས་གང་ལེགས་སྤྱད་དེ། ཕྱོགས་གཉིས་པོའི་ཚོང་དོན་དང་མ་འཇོག་གི་གཞི་ཁྱོན་རྒྱ་ཆེར་གཏོང་བ་དང་། གྲངས་འཛིན་དཔལ་འབྱོར་དང་། མི་ཐབས་རིག་ནུས། ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། མི་ཆོས་རིག་གནས་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་སིང་ཀ་ཕོར་དང་ཀྲུང་གོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད། ཡོ་ལང་ཆེ་བའི་རྒྱལ་སྤྱིའི་དུས་བབ་ཀྱི་མདུན་དུ་སིང་ཀ་ཕོར་ཕྱོགས་ཀྱིས་ཀྲུང་གོ་དང་ས་ཁོངས་དང་ཕྱོགས་མང་ལས་སྟེགས་ཀྱི་མཐུན་སྦྱོར་མཉམ་ལས་ཟབ་ཏུ་བཏང་སྟེ། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་སྒྲིག་ལམ་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ལ། ཀྲུང་གོས་འཛམ་གླིང་ཞི་བདེའི་ཆེད་དུ་ནུས་པ་དེ་བས་ཆེན་པོ་འདོན་ངེས་ཡིན་པའི་ཡིད་ཆེས་ཀྱང་ཡོད་ཅེས་གསུངས་པ་རེད།
ཝང་དབྱི་མཇལ་འཛོམས་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།