འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་26ཉིན།

༄༅།།ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་
རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་སྤྱིའི་བཀོད་སྒྲིག་ཁྱབ་བསྒྲགས་བྱས་པ།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་26ཉིན། 15:34】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    ཟླ་9ཚེས་3ཉིན་གྱི་སྔ་དྲོར། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་རྒྱུ་དང་དེའི་ནང་དམག་གཟིགས་མཛད་སྒོ་ཚུད་ཡོད། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ་ཡིན་པ།

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་24ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་ལོ་ཡིན་པས། རང་རྒྱལ་གྱིས་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་ངང་སྤེལ་རྒྱུ་ཡིན་ཞིང་། ཟླ་9ཚེས་3ཉིན་གྱི་སྔ་དྲོར། པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་པ་དེའི་ནང་དམག་གཟིགས་མཛད་སྒོ་ཚུད་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

    ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་སྐབས་སུ་དྲན་གསོ་ཞུ་བའི་བྱེད་སྒོ་གཟབ་རྒྱས་སྤེལ་བ་ནི། ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དང་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་བཅས་ལ་གལ་ཆེ་ཞིང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

     ཟླ་6ཚེས་24ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་དྲན་གསོའི་བྱེད་སྒོའི་སྤྱིའི་བཀོད་སྒྲིག་ངོ་སྤྲོད་བྱས་པ་དང་། ཀྲུང་དབྱང་དྲིལ་བསྒྲགས་པུའི་རྒྱུན་གཏན་ལས་ཀའི་ལས་བགོས་འགན་འཁུར་གྱི་པུའུ་ཀྲང་གཞོན་པ་ཧུའུ་ཧོ་ཕིང་གིས་དང་ཐོག་ཡོངས་བསྒྲགས་ཚོགས་འདུའི་ཐོག་བྱེད་སྒོ་གཙོ་བོ་10ཡི་བཀོད་སྒྲིག་ངོ་སྤྲོད་གནང་བ་རེད།

     གཅིག་ནི། ཟླ་9ཚེས་3ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་མིང་ཐོག་ནས་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་པ་དེའི་ནང་དམག་གཟིགས་མཛད་སྒོ་ཚུད་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ་དང་། ཟླ་9ཚེས་3ཉིན་གྱི་ཉིན་དགུང་། པེ་ཅིང་དུ་སྣེ་ལེན་ཚོགས་འདུ་འཚོགས་ནས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་རྒྱུ། ཟླ་9ཚེས་3ཉིན་གྱི་དགོང་མོར། པེ་ཅིང་དུ་རིག་རྩལ་མཚན་ཚོགས་འཚོགས་ནས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞུགས་རྒྱུ་དང་། གཉིས་ནི། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་མིང་ཐོག་ནས་ད་ལྟ་ཞུགས་པའི་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རི་འགོག་དམག་འཁྲུག་གི་དམག་དཔོན་ནམ་ཡང་ན་ཁོང་ཚོའི་ནང་མིར“ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ”ཞེས་པའི་དྲན་གསོའི་རྟགས་མ་སྤྲོད་རྒྱུ། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་རྒྱལ་ནང་དུ་ད་ལྟ་ཞུགས་པའི་རི་འགོག་དམག་འཁྲུག་གི་འཐབ་འཛིང་པ་རྒན་གྲས་དང་། བློ་མཐུན་རྒན་གྲས། རི་འགོག་དམག་འཁྲུག་གི་དམག་དཔོན་ནམ་ཡང་ན་ཁོང་ཚོའི་ནང་མི། རི་འགོག་དམག་འཁྲུག་གི་དཔའ་བོའི་གཉེན་ཉེ་བཅས་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ། གསུམ་ནི། ཟླ་7ཚེས་7ཉིན། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་ཨུད་བཅས་ཀྱི་མིང་ཐོག་ནས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་མི་རིགས་ཡོངས་ཀྱི་རི་འགོག་དམག་འཁྲུག་ལངས་ནས་ལོ་ངོ་88འཁོར་བར་དྲན་གསོ་ཞུ་བའི་མཛད་སྒོ་འཚོག་རྒྱུ་དང་ཆབས་ཅིག 《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ》ཞེས་པའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་འཚོག་རྒྱུ། བཞི་ནི། ཟླ་9ཚེས་3ཉིན་གྱི་སྔ་རྗེས་སུ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བར་དམིགས་ནས། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་སྤུན་ཟླ་དང་ཕྱི་རྒྱལ་གྱི་འབྲེལ་ཡོད་མི་སྣའི་བཞུགས་མོལ་ཚོགས་འདུ་དང་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོག་རྒྱུ། ལྔ་ནི། ཟླ་9ཚེས་18ཉིན། ལེའོ་ཉིང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་མིང་ཐོག་ནས་ཧྲེན་དབྱང་གྲོང་ཁྱེར་གྱི“དགུ་པའི་བཅོ་བརྒྱད་དུས་འགྱུར”ལོ་རྒྱུས་རྟེན་མཛོད་ཁང་དུ“དགུ་པའི་བཅོ་བརྒྱད་དུས་འགྱུར”གྱི་ཅོང་བརྡ་བརྡུངས་ནས་ལོ་རྒྱུས་བློ་ལ་ངེས་པའི་མཛད་སྒོ་འཚོག་རྒྱུ། དྲུག་ནི། ཟླ་10ཚེས་25ཉིན་གྱི་སྔ་རྗེས་སུ། ཐའེ་དབན་གྱི་བདག་དབང་སླར་གསོ་བྱུང་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་འཚོག་རྒྱུ་དང་། ཕྱི་རྒྱལ་གྱི་ཕྱིར་སྡོད་སྤུན་ཟླས་ས་གནས་དེ་གར་འབྲེལ་ཡོད་དྲན་གསོའི་བྱེད་སྒོ་སྒྲིག་འཛུགས་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། བདུན་ནི། ཟླ་12ཚེས་13ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་ནན་ཅིང་གྲོང་ཁྱེར་གྱི་ཀྲུང་གོར་བཙན་འཛུལ་བྱེད་མཁན་རི་དམག་གི་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླའི་དྲན་གསོ་ཁང་དུ་ནན་ཅིང་དམར་གསོད་ཆེན་པོའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་རྒྱལ་ཁབ་ཀྱི་སྤྱི་པའི་འདས་མཆོད་མཛད་སྒོ་འཚོག་རྒྱུ། བརྒྱད་ནི། རྒྱལ་ཁབ་རིམ་པའི་རི་འགོག་གི་དྲན་གསོའི་སྒྲིག་བཀོད་ཁག་བཞི་པ་དང་། གནའ་ཤུལ་མིང་ཐོ། གྲགས་ཅན་གྱི་རི་འགོག་སྔོན་གཤེགས་དཔའ་བོ་དང་དཔའ་བོའི་ཚོགས་སྤྱིའི་མིང་ཐོ་བཅས་ཁྱབ་བསྒྲགས་བྱ་རྒྱུ། རི་འགོག་གི་དྲན་གསོའི་སྒྲིག་བཀོད་དང་། རི་འགོག་གི་གནའ་ཤུལ་དང་ཤུལ་བཞག་དངོས་རྫས་བཅས་ཉམས་གསོ་སྲུང་སྐྱོང་བྱས་ནས་རི་འགོག་གི་བརྗོད་དོན་གཙོ་བོའི་འགྲེམས་རྫས་སྤུས་ལེགས་ཁག་གཅིག་ངོ་སྤྲོད་བྱ་རྒྱུ། དགུ་ནི། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བར་དམིགས་ནས། རིག་རྩལ་བརྩམས་ཆོས་དང་བརྗོད་དོན་གཙོ་བོའི་དཔེ་སྐྲུན་དངོས་པོ་ཁག་གཅིག་གསར་རྩོམ་དང་འགྲེམས་སྤེལ་བྱ་རྒྱུ་དང་། རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་གཙོ་གནད་ཞིབ་འཇུག་བྱ་གཞི་ཁག་གཅིག་གཏན་འཁེལ་བྱ་རྒྱུ། དེ་མིན་ད་དུང་། དྲན་གསོའི་དངུལ་ཏྲམ་དང་དྲན་གསོའི་སྦྲག་འཛིན་འགྲེམས་སྤེལ་བྱ་རྒྱུ། བཅུ་ནི། ས་གནས་ཁག་དང་སྡེ་ཚན་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་རང་བཞིན་གྱི་དྲན་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་དང་། ཤང་ཀང་དང་ཨའོ་མོན་གྱིས་ཀྱང་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་རྒྱུ་བཅས་རེད།

     དམག་གཟིགས་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་དང་ཀྲུང་དབྱང་དམག་ཨུད་མཉམ་འབྲེལ་ཚན་མོའུ་པུའུ་དམག་འཐབ་ཅུས་ཀྱི་ཧྲའོ་ཅང་དམག་དཔོན་ཅུས་ཀྲང་གཞོན་པ་ཝུའུ་ཙེ་ཁོའོ་ཡིས་ངོ་སྤྲོད་བྱས་དོན། ད་ཐེངས་ཀྱི་དམག་གཟིགས་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། དེའི་བརྗོད་དོན་གཙོ་བོ་ནི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་ཐོབ་པར་དྲན་གསོ་ཞུ་བ་དང་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་ཆེད་རེད།

    ཝུའུ་ཙེ་ཁོའོ་ཡིས་བརྗོད་དོན། ད་ཐེངས་ཀྱི་དམག་གཟིགས་དེ་རྐང་ཐང་རུ་སྟར་གྲུ་བཞི་དང་། གོ་མཚོན་རུ་སྟར་གྲུ་བཞི། མཁའ་དབྱིངས་ཀྱི་སྐས་རུ་བཅས་ལས་གྲུབ་པ་ཞིག་ཡིན་པ་དང་། སྤྱིའི་འཆར་འགོད་ཐད་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེ་དམག་གཟིགས་ནང་ཞུགས་པར་ཚན་རིག་དང་མཐུན་པའི་སྒོ་ནས་བཀོད་སྒྲིག་བྱས་པ་དང་། གཟིགས་སྦྲེང་རུ་སྟར་གྲུ་བཞི་དང་སྐས་རུ་སྒྲིག་འཛུགས་ཞིབ་ཚགས་བྱ་རྒྱུ་རེད། དེར་གཙོ་བོ་ཁྱད་ཆོས་གསུམ་ལྡན་པ་སྟེ། ལོ་རྒྱུས་རྒྱུན་འཛིན་ལ་སྣང་ཆེན་བྱ་རྒྱུ་མ་ཟད་དུས་རབས་ཀྱི་ཁྱད་ཆོས་ལྡན་པར་བྱ་རྒྱུ་དང་། དམག་རིགས་དང་དཔུང་རིགས་ཀྱི་ཁྱད་ཆོས་མངོན་པར་བྱ་རྒྱུ་མ་ཟད་གཞི་གཅིག་ཅན་གྱི་མཉམ་འབྲེལ་ཡང་མངོན་པར་བྱ་རྒྱུ། སྲོལ་རྒྱུན་གྱི་དངོས་འཐབ་སྟོབས་ཤུགས་མངོན་པར་བྱ་རྒྱུ་མ་ཟད་ཁོངས་གསར་སྤུས་གསར་སྟོབས་ཤུགས་དམག་གཟིགས་ལ་ཞུགས་རྒྱུ་རེད། དམག་གཟིགས་བྱ་ཡུལ་གྱི་མཚོན་ཆ་དང་སྒྲིག་ཆས་ཚང་མ་ནི་རང་རྒྱལ་ནས་ཐོན་པའི་ད་ལྟ་དམག་སྐུལ་དང་ལེན་གྱི་དངོས་འཐབ་སྒྲིག་ཆས་ཡིན་ཞིང་། རང་དམག་ཁོངས་གཏོགས་ཀྱི་འཐབ་ནུས་དང་། ཁོངས་གསར་སྤུས་གསར་གྱི་འཐབ་ནུས། འཐབ་ཇུས་ཟིལ་གནོན་གྱི་སྟོབས་ཤུགས་བཅས་གཅིག་སྡུད་ཐོག་མངོན་པ་ཞིག་དང་། རང་རྒྱལ་གྱི་མཚོན་ཆ་དང་སྒྲིག་ཆས་ཀྱི་རང་བརྟེན་གསར་གཏོད་ནུས་པ་གཅིག་སྡུད་ཐོག་མངོན་པ་ཞིག་རེད།

   གསར་འགོད་པའི་དྲི་བར་ལན་རྒྱག་སྐབས། ཧུའུ་ཧོ་ཕིང་གིས་ད་ཐེངས་ཀྱི་དྲན་གསོའི་མཛད་སྒོའི་སྤྱིའི་བཀོད་སྒྲིག་ལ་གཞིགས་ནས་འབྲེལ་ཡོད་རྒྱལ་ཁབ་ཀྱི་འགོ་ཁྲིད་དང་། སྲིད་དོན་མི་སྣ་གལ་ཆེན་ཟུར་པ། མཐོ་རིམ་དཔོན་རིགས་བཅས་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོ། ཀྲུང་གོར་བཅའ་སྡོད་ཕྱི་རྒྱལ་གྱི་གཞུང་ཚབ་པ་དང་། དྲག་དཔོན། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་གདན་དྲངས་ནས་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་འབུལ་མཁན་གྱི་རྒྱལ་སྤྱིའི་གྲོགས་པོ་དང་དེ་བཞིན་འདས་པོའི་ནང་མིའི་འཐུས་མི་དྲན་གསོའི་མཛད་སྒོར་ཞུགས་རྒྱུ་རེད།

      འདི་ལོ་ནི་ཀྲུང་གོའི་དམག་དཔུང་མཉམ་འབྲེལ་རྒྱལ་ཚོགས་ཞི་བདེ་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་ནས་ལོ་35འཁོར་བའི་ལོ་ཞིག་རེད། ཝུའུ་ཙེ་ཁོའོ་ཡིས་འདི་ལོའི་དམག་གཟིགས་ཀྱིས་ཞི་བདེ་སྲུང་སྐྱོང་གི་ལས་འགན་ལག་བསྟར་བྱེད་མྱོང་བའི་དཔུང་སྡེ་དམག་གཟིགས་ནང་ཞུགས་རྒྱུ་བཀོད་སྒྲིག་བྱས་ཡོད། ཡུལ་དམག་ནི་རང་རྒྱལ་གྱི་དྲག་ཆས་སྟོབས་ཤུགས་ཀྱི་གྲུབ་ཆ་ཞིག་ཡིན་ལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལས་རོགས་དང་རྗེས་གྲབས་སྟོབས་ཤུགས་ཀྱང་ཡིན། ད་ཐེངས་ཀྱི་དམག་གཟིགས་ནང་ཡུལ་དམག་རུ་སྟར་གྲུ་བཞི་བཀོད་སྒྲིག་བྱ་རྒྱུ་ཡིན་པ་དེ་ནི་ཡུལ་དམག་རི་འགོག་དམག་འཁྲུག་ལ་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་དམག་གཟིགས་མཛད་སྒོར་ཞུགས་ཐེངས་དང་པོ་རེད་ཅེས་བརྗོད།