འཚོལ་བཤེར།   
藏文频道
2025ལོའི་ཟླ་6ཚེས་24ཉིན།

ས་གནས་དེ་རང་གི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱས་པ།

༄༅།།ས་གནས་དེ་རང་གི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཧོ་ཡུང་། ཆའོ་ཏུང་།

གསར་འགྱུར་སྤེལ་དུས།  【2025ལོའི་ཟླ་ 06ཚེས་24ཉིན། 13:39】  ཡོང་ཁུངས།:མི་དམངས་ཉིན་རེའི་ཚགས་པར། (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 

    མཚོ་སྔོན་ཟི་ལིང་གྲོང་ཁྱེར་དབུས་ནས་ལྷོ་ཕྱོཌ་སུ་སྤྱི་ལེ་20ཙམ་བསྐྱོད་པའི་སར་དུས་ཐེངས་བཞི་པའི་གཙང་གསུམ་ཆུ་འགོའི་གྲངས་གཞི་ལྟེ་གནས་ཡོད། དེའི་ནང་གི་འཕྲུལ་སྒམ་དག་ལྡིར་སྒྲ་དང་བཅས་ཏེ་ལྗང་མདོག་གློག་སྒྲོན་འོད་འཚེར་ཙམ་འཚེར་ཙམ་བྱེད་པ་དང་། ཁང་པའི་ཕྱི་རོལ་དུ། འོད་ཤུཌ་ཤེལ་ལེབ་སྔོན་པོ་དང་ལིས་གློག་རྫས་ཀྱི་ནུས་གསོག་སྒམ་མང་པོ་གྲལ་སྟར་བསྒྲིགས་ནས་བཞག་ཡོད་པ་རེད།

    འདི་ནི་མཚོ་སྔོན་གྱི་གཙང་གསུམ་ཆུ་འགོའི་ལྗང་མདོག་གློག་ཤུགས་རིག་རྩིས་མཉམ་འདྲེས་དཔེ་སྟོན་གློག་དྲ་ཆུང་ངུའི་རྣམ་གྲངས་ཐོག་མ་དེ་རེད། “ལྗང་མདོག་གློག་ཤུགས་100%ཡིས་རྩིས་ནུས་ལ་ཐད་ཀར་ཞབས་འདེགས་ཞུ་གི་ཡོད་པས་ལོ་རེར་ཆ་སྙོམས་ཐཱན་མེད་གློག་ཤུགས་ཆུ་ཚོད་ཆན་ཝ་ཁྲི་1000ཙམ་མཁོ་འདོན་ཐུབ་ཀྱི་ཡོད། འདིའི་གསར་གཏོད་ཀྱི་ཆ་ནི་གློག་དྲ་ཆུང་ངུ་སྤྱད་དེ་ལྗང་མདོག་གློག་ཤུགས་དང་རྩིས་ནུས་ལྟེ་གནས་ཀྱི་གློག་སྤྱོད་ཐེག་ཚད་དུས་ཐོག་ཏུ་དོ་སྙོམས་ཡོང་བར་བྱེད་པ་དེ་ཡིན”ཞེས་ཀྲུང་གོ་ལེན་ཐུང་མཚོ་སྔོན་ཞིང་ཆེན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐུང་ཆིང་ཅུན་གྱིས་ངོ་སྤྲོད་བྱས།

    རྩིས་ནུས་ཐོན་ལས་འཕེལ་རྒྱས་གཏོང་བར་མཚོ་སྔོན་ལ་ལྗང་མདོག་གློག་ཤུགས་སྔོན་གཏོང་གི་ལེགས་ཆ་ཡོད་པ་མ་ཟད་ཁོར་ཡུག་ཐད་ཀྱི་ལྷན་སྐྱེས་ལེགས་ཆ་ཡང་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ་3.9ལས་མེད་པའི“རང་བྱུང་གྲང་ཁུངས”ཀྱིས་གྲངས་གཞི་ལྟེ་གནས་ཀྱི་གྲང་བཟོའི་ནུས་རྒྱུ་ཟད་གྲོན་40%དམའ་རུ་བཏང་ནས་རྩིས་ནུས་མ་འཇོག་གི་མ་གནས་20%དང་གཉེར་སྐྱོང་མ་གནས་30%དམའ་རུ་འགྲོ་ཐུབ།

    2024ལོའི་ཟླ་དྲུག་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས“མཚོ་སྔོན་གྱིས་སྐྱེ་ཁམས་བདེ་འཇཌ་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་འཁུར་ཡོད་པས། ཐོན་ལས་འཕེལ་རྒྱས་གཏོང་བར་ངེས་པར་དུ་གནད་ཆེན་དམ་འཛིན་དང་གནད་མེད་ཟུར་འཇོག་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ས་གནས་དེ་རང་གི་ཁྱད་ཆོས་དང་ལེགས་ཆ་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་སྐྱེད་སྲིང་བྱེད་པར་ཤུགས་རྒྱག་དགོས”ཞེས་གསུངས་པ་རེད།

    མཚོ་སྔོན་གྱིས་ས་མཐོའི་ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུཌ་ནས་ལྗང་མདོག་རྩིས་ནུས་ཀྱི་ཐོན་ལས་རྟེན་གཞི་ཧུར་ཐག་བསྐྲུན་ཐོག ལྗང་མདོག་གློག་ཤུགས་དེ་ལྗང་མདོག་རྩིས་ནུས་ལ་བསྒྱུར་རྒྱུར་མུ་མཐུད་སྐུལ་འདེད་བཏང་སྟེ། ལྗང་མདོག་གློག་ཤུཌ་དང་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འགྲན་ལམ་གསར་པ་བཏོད་པ་རེད། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

    ལྗང་མདོག་རྩིས་ནུས་ལ་བརྟེན་ནས་གསར་གཏོད་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་བཏང་ཞིང་། མཚོ་སྔོན་གྱིས་ལྗང་མདོག་རྩིས་ནུས་ཀྱི་ས་གནས་ཚད་གཞི་ཁག་ལྔ་ཁྱབ་བསྒྲགས་བྱས་པ་དང་སྦྲགས《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་རྟེན་གཞི་འཛུགས་སྐྲུན་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་ལྗང་མདོག་རྩིས་ནུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་འགའ་ཞིག》སོགས་ཀྱི་སྲིད་ཇུས་ཀྱང་བཏོན་པ་རེད། དེ་དང་ཆབས་ཅིག མཚོ་སྔོན་གྱིས་འབེལ་འདུ་དང་ཨཱ་ལི་པཱ་པཱ་སོགས་དྲ་སྦྲེལ་ཁེ་ལས་དང་མཉམ་ལས་བྱས་ནས་འབེལ་འདུ་མཆན་འགོད་ལྟེ་གནས་དང་། ཅིན་ཧྲན་རིག་རྩིས་ལྟེ་གནས། ཅིན་ཏུང་རིག་རྩིས་སྒེར་སྤྱོད་སྡོམ་རྩིས། ཤིན་ཧྭ་སན་ཐུའུ་ལིང་གྲོང་རྡལ་ཆུང་གྲས་སོགས་རྣམ་གྲངས་སྔ་རྗེས་སུ་ལག་ལེན་བསྟར་བས་རིག་རྩིས་དང་། ཚད་བརྒལ་རྩིས་རྒྱག དཔེ་དབྱིབས་ཆེ་གྲས་སོགས་ལས་རྣམ་གསར་པ་གྲུབ་ཡོད། མིག་སྔར། ཟི་ལིང་ལྗང་གློག་རིག་རྩིས་མཉམ་འདྲེས་དཔེ་སྟོན་གླིང་དང་མཚོ་ཤར་ཐཱན་མེད་རྩིས་ནུས་ཐོན་ལས་གླིང་སོགས་མགྱོགས་མྱུར་སྐྲུན་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་ལོ་འདིའི་ནང་ཚད་ལྡན་འཁོར་སྒྲོམ་དང་རྩིས་ནུས་གཞི་ཁྱོན་ལྡབ་འཕར་ཐུབ་རྒྱུ་རེད་ཅེས་མཚོ་སྔོན་ཞིང་ཆེན་གྲངས་གཞི་ཅུས་ཀྱི་ཅུས་ཀྲང་ཅིན་ལིས་ངོ་སྤྲོད་བྱས།

     ལྗང་གློག་མཁོ་སྤྲོད་ཕུགས་འདེད་བྱེད་སྟངས་འཚོལ་ཞིབ་དང་གསར་གཏོད་བྱས་ཤིང་། མཚོ་སྔོན་གྱིས་རྒྱལ་ནང་གི་ནུས་རྒྱུ་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་ཐོག་མ་བསྐྲུན་ནས་བེད་སྤྱོད་བྱེད་འགོ་ཚུགས་པ་མ་ཟད། “རང་འདོན་དང་། རང་གསོག རང་སྤྱོད། རང་སྲུང”བཅས་ཀྱི་ནུས་རྒྱུ་གཙང་མའི་གློག་དྲ་ཆུང་ངུའི་རྩིས་ནུས་ལྟེ་གནས་ཀྱང་བེད་སྤྱོད་བྱེད་འགོ་ཚུགས་ཡོད། ཞིང་ཆེན་ཡོངས་ལ་ཁྱབ་པའི་ནུས་རྒྱུའི་ཚན་ཚན་ཕྲེང་འབྲེལ་ལས་སྟེགས་ཀྱིས་ནུས་རྒྱུ་གཙང་མའི་གློག་ཁང་དང་གྲངས་གཞི་ལྟེ་གནས་སྦྲེལ་ཚིགས་སུ་བྱས་ནས་དྲ་རྒྱ་དང་སྦྲེལ་མཐུད་བྱས་ཏེ། ལྗང་གློག་ཀྲའོ་ཝ་རེ་རེའི་འབྱུང་ཁུངས་གྲུབ་ཆ་དང་། ཁོར་ཡུག་ཕན་འབྲས། འདྲེན་རྒྱུག་ཐབས་ལམ་བཅས་ལ་དུས་ཐོག་ཏུ་རྗེས་འདེད་བྱེད་ཀྱི་ཡོད་པ་རེད།

    མཚོ་སྔོན་སློབ་ཆེན་རྩིས་ནུས་ལྟེ་གནས་ཀྱི་གློག་སྤྱོད་གྲུབ་ཆའི་དཔེ་རིས་ལ་བལྟས་ནས། རྒྱལ་ཁབ་གློག་དྲ་ཟི་ལིང་གློག་འདོན་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཏུང་ཡའོ་ཡིས“དེ་རིང་གི་གློག་སྤྱོད་གྲུབ་ཆར་བལྟས་ཚེ། འོད་ཤུགས་དང་། རླུང་གློག ཆུ་གློག་བཅས་སོ་སོ་སྤྱོད་ཚད་གསལ་པོར་ཤེས་ཐུབ། ལྗང་མདོག་གློག་ཤུགས་འདི་དག་ནི་ལི་ཅཱ་འགག་ཆུ་ཤུགས་གློག་ཁང་དང་ཤིན་ལུའུ་ནུས་མང་གསབ་རེས་ནུས་རྒྱུ་ས་ཚིགས་སོགས་ནས་དྲངས་པ་རེད”ཅེས་ངོ་སྤྲོད་བྱས།

    བཀོད་གཏོང་བརྙན་ཤེལ་གྱི“མཚོ་བོད་ས་མཐོའི་ཆུ་བོ་དང་མཚོ་མོའི་འཕེལ་འགྱུར”རྩིས་རྒྱག་དཔེ་དབྱིབས་ཐོག་ཆུ་བོ་དང་རི་ཀླུང་གཙོ་བོའི་དུས་ཐོག་གྲངས་གཞི་མངོན་ཡོད། “རྒྱང་ཚོར་འཁོར་སྐར་དང་ས་ངོས་ནས་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་གྲུབ་པའི་གྲངས་གཞི་འབོར་ཆེན་དུས་ཐོག་ཏུ་དཔེ་དབྱིབས་དེའི་ནང་འདྲེན་འཇུག་བྱེད་ཀྱི་ཡོད། དེའི་རྩིས་འབྲས་དག་གཙང་གསུམ་ཆུ་འགོ་ཁུལ་གྱི་སྲུང་སྐྱོང་ལས་དོན་ནང་སྤྱོད་རྒྱུ་རེད”ཅེས་རྒྱལ་ཁབ་ཚད་བརྒལ་རྩིས་རྒྱག་ཝུའུ་ཤིས་ལྟེ་གནས་མཚོ་སྔོན་སློབ་ཆེན་ཡན་ལག་ལྟེ་གནས་ཀྱི་འགན་འཁུར་བ་ལུའུ་ཧྲེང་པོ་ཡིས་བཤད།

    མིག་སྔར། མཚོ་སྔོན་གྱི་ལྗང་མདོག་གློག་ཤུགས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་ནས་ནུས་རྒྱུ་གཙང་མའི་གློག་འདོན་ཤུགས་ཀྱིས་ཞིང་ཆེན་ཡོངས་ཀྱི་གློག་འདོན་བསྡོམས་འབོར་གྱི་94.6%ཟིན་ཡོད་པ་དང་། ལྗང་མདོག་རྩིས་ནུས་འཕེལ་རྒྱས་བྱུང་ནས་ཞིང་ཆེན་ཡོངས་ཀྱི་རྩིས་ནུས་གཞི་ཁྱོན་2024ལོའི་ལོ་འགོ་དང་བསྡུར་ན་ལྡབ་30ལྷག་འཕར་ཡོད་པ་རེད།

     “ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པར་བྱས་ནས་མི་ཐབས་རིག་ནུས་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་གོ་སྐབས་དམ་འཛིན་བྱས་ཐོག ལྗང་མདོག་གློག་ཤུགས་དང་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ཀྱི‘མཚོ་སྔོན་དཔེ་དབྱིབས’བཏོད་དེ། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བའི་ལམ་བུ་གསར་པ་ཞིག་ཧུར་ཐག་གཏོད་དགོས”ཞེས་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་བརྗོད།